ང་ཚོ་སློབ་འབྲིང་དུ་སླེབས་རྗེས་སྦྱང་བྱའི་རིག་ཚན་མང་དུ་ཕྱིན་ཡོད། དེའི་ནང་ནས་ང་རང་དགའ་ཤོས་ཀྱི་རིག་ཚན་ནི་ལོ་རྒྱུས་ཡིན། གང་ཡིན་ཟེར་ན་ངའི་སེམས་ནང་ལ་འདི་ལྟར་ཤར་བ་སྟེ། ད་ལྟ་ང་ཚོས་གཙོ་བོ་ཀྲུང་གོའི་ལོ་རྒྱུས་སྦྱོང་བཞིན་ཡོད་ལ། རང་ཉིད་ཀྲུང་གོ་བ་ཞིག་ཡིན་པའི་ངོས་ནས་ཀྲུང་གོའི་ལོ་རྒྱུས་མ་ཤེས་ཚེ་ངོ་ཚ་དགོས་པ་ཞིག་རེད་སྙམ། དེ་ཡང་ང་རང་ལོ་རྒྱུས་ཀྱི་རིག་ཚན་འདིར་དགའ་དོན་ནི་རང་ཉིད་རིག་ཚན་འདི་ལ་སེམས་གཏིང་ནས་དགའ་བ་དང་དུང་བ་ཡོད་པས་ཡིན། ང་རིག་ཚན་འདི་ལ་སྤྲོ་སྣང་ཆེན་པོ་ཡོད།
ངས་ལོ་རྒྱུས་སྦྱངས་རྗེས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིའི་རྒྱལ་ཁབ་ཀྱིས་ང་ཚོར་བཙན་འཛུལ་མ་བྱས་གོང་དང་བཙན་འཛུལ་བྱས་ཚར་རྗེས་ཀྱི་རྒྱལ་ཁབ་གནས་སྟངས་གཉིས་ལ་གནམ་སའི་ཁྱད་པར་ཤོར་འདུག བཙན་འཛུལ་མ་བྱས་གོང་ནི་རྒྱལ་ཁམས་དུས་བདེ་ལྷིང་འཇགས་ཡིན་པ་དང་། ཁོར་ཡུག་ཀུན་དཔྱིད་ཀའི་དྲི་བཞོན་དལ་བུར་ལྡང་ཞིང་ནམ་མཁའ་སྔོ་ལ་དྭངས་པ་དང་། ས་གཞི་ཡོངས་སྐྱེ་སྟོབས་ཀྱི་ཉམས་ཀྱིས་ཕྱུག་ཅིང་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད། ཡིན་ཡང་བཙན་འཛུལ་བྱས་པ་ནས་བཟུང་ཀྲུང་གོའི་མི་དམངས་རྣམས་སྡུག་བསྔལ་གྱི་ནག་འཚུབ་ཏུ་བཅུག་ནས་མི་དམངས་རྣམས་ཀྱི་གདོང་ལས་དགའ་བའི་འཛུམ་མདངས་མེད་པར་གྱུར། དེ་ལྟའི་དཀའ་སྡུག་གི་ལོ་ཟླ་རིང་མོའི་ཁྲོད་དུ་འཛམ་གླིང་ལ་འགྲན་ཟླ་མེད་པའི་ཕོ་རྒོད་བྱུང་མྱོང་ལ། དར་མ་ཝ་སྐྱེས་ལྟ་བུའི་གཞན་གྱི་ངོ་སོ་བསྟོད་པའི་ནང་རུལ་བ་ཡང་བྱུང་མྱོང་། དེ་དག་ལས་ང་རང་ཆེས་ཡིད་སྨོན་སྐྱེ་ས་ནི་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ཡིན།
ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ང་ཚོ་ཀྲུང་གོ་ཡོངས་ཕྱིའི་བཙན་འཛུལ་གྱི་མནར་གཅོད་ལས་ཐར་ཏེ་མི་དམངས་རྣམས་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་བྱུང་བས། རང་ཉིད་ཀྱིས་སྔར་སོང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱས་ཏེ་རླབས་ཆེན་མེས་རྒྱལ་ལ་བརྩེ་བའི་བསམ་བློ་སྐྱེ་ཐུབ་པ་བྱེད་དགོས་ལ། ང་ཚོ་མཉམ་དུ་རང་གི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱས་ནས་རླབས་ཆེན་མེས་རྒྱལ་གྱི་སྟོབས་འབྱོར་དབྱར་མཚོ་བཞིན་རྒྱས་པའི་སྨོན་ལམ་ཡང་འདེབས།
ང་རང་ལོ་རྒྱུས་ལ་དགའ་ཞེས་རིག་ཚན་གཞན་ལ་མི་དགའ་བ་མཚོན་གྱི་མེད། རིག་ཚན་གཞན་དག་ལ་ཡང་དགའ་པོ་ཡོད། འོན་ཀྱང་གཙོ་བོ་ངས་ལོ་རྒྱུས་ལ་རིག་ཚན་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་རིན་ཐང་ཞིག་ཡོད་པར་ངོས་འཛིན་བྱུང་བ་ཙམ་ཡིན།
ང་རང་ལོ་རྒྱུས་ལ་དགའ། ཀློག་པ་པོ་ཁྱེད་རང་རིག་ཚན་གང་ལ་དགའ་འམ། གཅིག་བྱས་ན་ང་དང་གཅིག་པ་ཡང་ཡིན་སྲིད། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།