西藏青年报藏文版གལ་ཆེའི་གསར་འགྱུར། ཉམས་པ་མེད་པའི་ལང་ཚོ་གངས་ལྗོངས་ས་མཐོར་སྐྱེས་སུ་ཕུལ་བ། བྱིས་གླུ་སྙན་པོས་ལོ་གསར་བསུ།

放大 缩小 默认

གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཁག་དགུ་པ་དང་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་ཀུའུ་ཧྲུའུ་ཧྭ་ཡིས།

ཉམས་པ་མེད་པའི་ལང་ཚོ་གངས་ལྗོངས་ས་མཐོར་སྐྱེས་སུ་ཕུལ་བ།

གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་མངགས་པའི་བུད་མེད་བོད་སྐྱོར་ལས་བྱེད་པ་གཅིག་པུ་ཡིན་པའི་ཀུའུ་ཧྲུའུ་ཧྭ་ཡིས་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་ཁུར་བར་ལས་འགན་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་ཡོད། ལོ་ཚད་ཡོལ་བའི་བོད་སྐྱོར་ལས་བྱེད་པ་ཀུའུ་ཧྲུའུ་ཧྭ་ཡིས་རང་ཉིད་ལ་བྲང་ཁ་བསྡམ་པ་དང་མགོ་ན་བ་སོགས་ཀྱི་ལ་དུག་ནད་རྟགས་ཡང་སེ་ཐོན་ནའང་། དེའི་སྐོར་སྤུ་ཙམ་ཡང་མི་བརྗོད་པར་ཁོ་མོའི་གཏམ་གླེང་སོགས་ལས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་མཚོན་གྱི་ཡོད། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་སྡུག་དང་སྡུག་བསྲན་ལ་མི་སྐྲག་པ། ས་བབ་མཐོ་སར་བསམ་བློའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གུང་གཞོན་སྡེ་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

གཞི་རིམ་བརྟག་ཞིབ་ཀྱི“ཆེད་ལས་མཁས་པ”

གུང་གཞོན་སྡེ་ཚོགས་ཀྱི་བོད་སྐྱོར་ལས་བྱེད་པས་བོད་སྐྱོར་ལས་ཀ་གང་ཞིག་བྱེད་དགོས་མིན་དང་། བོད་ཀྱི་གཞོན་ནུའི་ལས་དོན་གྱི་དོན་དངོས་གནས་ཚུལ་གང་འདྲ་ཡིན་ཚུལ་ནི། ཀུའུ་ཧྲུའུ་ཧྭ་བོད་སྐྱོར་བྱེད་པར་ཡོང་སྐབས་སེམས་སུ་འཆང་བའི་དོགས་གཞི་ཐོག་མ་དེ་རེད།

བརྟག་དཔྱད་མ་བྱས་ན་སྐད་ཆ་ཤོད་དབང་མེད། བོད་ལ་སླེབས་མ་ཐག་ཀུའུ་ཧྲུའུ་ཧྭ་ཡིས་དམིགས་ཚད་དང་བསམ་ཕྱོགས་ཁ་གསལ་བཟོས་ནས། སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་ཤུགས་ཆེན་སྤེལ་བ་སྟེ། ཀྲུང་གོའི་གཞོན་ནུ་ལོ་ཆུང་ཞིབ་འཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་མཉམ་དུ་བོད་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་འདུ་ཤེས་དང་ལས་རིགས་བློ་མོས་ཀྱི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་དང་། སྡེ་ཚོགས་ལྗོངས་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ“སྡེ་ཚོགས་ཀྱིས་བརྩེ་སེམས་བཅངས་ནས་བརྟག་ཞིབ་ཆེན་པོའི”ལས་དོན་བསྒྲུབས་པ། མངའ་རིས་ས་ཁུལ་རྩ་མདའ་རྫོང་སོགས་སུ་བསྐྱོད་དེ་དུས་ཡུན་རིང་འབྲིང་གི་གཞོན་ནུའི་འཕེལ་རྒྱས་འཆར་གཞི་དོན་འཁྱོལ་གནས་ཚུལ་ལ་བརྟག་ཞིབ་དང་གུང་གཞོན་སྡེ་ཚོགས་ཀྱི“བྱེད་ནུས་གསུམ་དང་། འབུལ་ཚད་གཅིག འགན་སྲུང་གཉིས”ཀྱི་ལས་དོན་ལ་བརྟག་དཔྱད། ཐག་རིང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སོགས་སུ་བསྐྱོད་ནས“གཞོན་ནུའི་ཁྱིམ་གཞིས”འཛུགས་སྐྲུན་དང་གཞི་རིམ་གྱི་སྡེ་ཚོགས་འཛུགས་པའི་གནས་ཚུལ་ལ་བརྟག་ཞིབ། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སོགས་ལ་བསྐྱོད་དེ་རྫོང་ཁོངས་ཀྱི་གུང་གཞོན་སྡེ་ཚོགས་སྒྱུར་བཅོས་དང་། མཐའ་མཚམས་རྫོང་དང་ཤང་གི་གུང་གཞོན་སྡེ་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་བཅས་ལ་བརྟག་ཞིབ་བྱས་པ་སོགས་གཞི་རིམ་གྱི་འཐབ་ས་དང་པོར་ཐེངས་མང་བསྐྱོད་ནས་གངས་ལྗོངས་ཀྱི་གང་སར་ཁོང་སླེབས་མ་མྱོང་བ་མེད།

དེ་ནས་ས་གནས་ཀྱི་ཁྱད་ཆོས་དང་འཚམ་པའི་ཇུས་གཞི་རིམ་པས་བཟོས་པ་སྟེ། གུང་གཞོན་སྡེ་ཚོགས་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ལ་སྐུལ་འདེད་བཏང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་ལང་ཚོའི་བྱས་རྗེས་འཇོག་པའི་བྱ་སྤྱོད་གཏིང་ཟབ་སྤེལ་བ། ལས་ཞུགས་ཀྱི་སྲིད་ཇུས་དང་དཔེ་མཚོན་སྒྲོག་འགྲེལ་དང་ཟུང་དུ་སྦྲེལ་ནས་བོད་ཀྱི་སློབ་ཆེན་སློབ་མའི“འཚར་ལོངས་བུམ་པའི”འགྲན་བསྡུར་གཉེར་བ། ཕུལ་བྱུང་ལས་གཏོད་རྣམ་གྲངས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཆེན་པོར་ཞུགས་རྒྱུར་འོས་སྦྱོར་སོགས་བྱས་ཡོད་པ་རེད།

ཁོང་གིས་བརྟག་ཞིབ་བྱེད་མཚམས་གཏན་ནས་མི་འཇོག་པར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་རྫོང་དང་ཆུས་མང་ཆེ་བར་བསྐྱོད་པ་མ་ཟད། ལས་ཁུངས་སུ་ལོག་རྗེས་སླར་ཡང་རྩོམ་འབྲིའི་ལས་ལ་གཞོལ་བ་དང་། འབྲེལ་ཡོད་དཔྱད་གཞི་འཚོལ་བ། སྲིད་ཇུས་དང་ལམ་ལུགས་ལ་ཞིབ་འཇུག་སོགས་བྱས་ནས་མཚན་མོ་ཡང་ཧ་ཅང་ཕྱི་པོ་སྡོད་ཀྱི་ཡོད་ཅིང་། བཅར་འདྲི་མ་བྱས་གོང་གི་ཟླ་བ་གཅིག་གི་སྔོན་དུ་ཁོང་ལྷ་སའི་རྫོང་དང་ཆུས་ལ་བརྟག་ཞིབ་བྱེད་བཞིན་ཡོད་པ་དང་། གཟའ་འཁོར་གོང་མ་ཁོང་ལྷོ་ཁར་ཕྱིན་པ་མ་ཟད། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཤང་སྟེ། ས་བབ་མཐོ་ཚད་ལ་སྨི་5373ཟིན་པའི་ཕུ་མ་བྱང་ཐང་ཤང་ལ་བསྐྱོད་ནས་མཐའ་སྲུང་མི་དམངས་ཉེན་རྟོག་པ་དང་གཞི་རིམ་གྱི་སྡེ་ཚོགས་ལས་བྱེད་པ་དང་བཞུགས་མོལ་བྱས་ཡོད་ལ། ཉིན་གཉིས་པར་ཁོང་གིས་སླར་ཡང་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་བཅས་ཀྱི་རྫོང་དང་ཆུས་ཀྱི་གཞི་རིམ་དུ་བརྟག་ཞིབ་བྱེད་པར་བསྐྱོད་ཡོད།

“ལས་རིགས་ཀྱི་གཞོན་ནུ་ལས་དོན་པ”

“བོད་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པར་ཁྱོད་ཚོས་རྒྱུས་མངའ་ཇི་ཙམ་ཡོད་དམ”“ཚང་མས་ལྗོངས་ཕྱིར་ལས་ཞུགས་ལ་དོགས་གཞི་གང་དག་ཡོད་དམ”2019ལོའི་ཟླ་བཅུ་པར། ཀུའུ་ཧྲུའུ་ཧྭ་ཆེད་མངགས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཡོང་ནས་དེ་གའི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་དང་མཉམ་དུ་ཁོང་ཚོའི་བསམ་ཚུལ་དངོས་དང་དགོས་མཁོ་གང་ཡོད་རྒྱུས་ལོན་བྱས་པ་མ་ཟད། འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཆེད་དོན་བརྗོད་གཞིར་བརྟག་ཞིབ་ཀྱང་བྱས་པ་རེད།

བརྟག་ཞིབ་ཀྱི་གྲུབ་འབྲས་དེ་དག་ནི་ཀུའུ་ཧྲུའུ་ཧྭ་ཡིས་བོད་ཀྱི་གཞོན་ནུའི་གནས་སྟངས་ལ་རྒྱུས་མངའ་ལོན་པའི་དཔྱད་གཞི་དང་པོ་ཡིན་ལ་དེས་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་པར་རྨང་གཞི་བཏིང་ཡོད།

ཀུའུ་ཧྲུའུ་ཧྭ་ཡིས་སློབ་ཆེན་སློབ་མ་ནི་བོད་ཀྱི་མི་ཤུགས་ཐོན་ཁུངས་ཆེས་རྩ་ཆེན་ཞིག་ཡིན་པ་དང་། སློབ་ཆེན་སློབ་མའི་ལས་ཞུགས་ལ་ཞབས་འདེགས་ཞུ་རྒྱུ་ནི་དམངས་འཚོའི་འདུ་འགོད་ཅིག་ཡིན་པས། བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་སྤྱི་ཡོངས་དང་འབྲེལ་བ་ཡོད་ཅེས་བཤད། ཁོང་གིས་སྡེ་ཚོགས་ཀྲུང་དབྱང་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ་བོད་ཀྱི་སློབ་ཆེན་སློབ་མའི་ལྗོངས་ཕྱིའི་ལས་ཞུགས་ལས་གཏོད་ལག་བསྟར་གྱི་སྣེ་ཁྲིད་འཆར་གཞི་ལག་ལེན་བསྟར་བར་སྐུལ་འདེད་གཏོང་རྒྱུ་དེ་ལྗོངས་སྡེ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་རྣམ་གྲངས་ཀྱི་འཆར་གཞིའི་ནང་བཅུག་ཅིང་། ལོ་གསུམ་རིང་། ལྗོངས་ཕྱིའི་རིམ་ཁག་སྡེ་ཚོགས་སྐུལ་སློང་གིས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མར་ལས་ཞུགས་དངོས་སྦྱོང་གི་ལས་གནས་3000ལྷག་ཙམ་མཁོ་འདོན་བྱས་པ་དང་། སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་བོད་ཀྱི་སློབ་ཆེན་སློབ་མ་ལྗོངས་ཕྱིར་ལས་ཞུགས་དང་། ཁྲོམ་རའི་ལས་ཞུགས། གཞི་རིམ་ལས་ཞུགས། རང་བརྟེན་ལས་གཏོད་བཅས་ཀྱི་དཔེ་མཚོན་བློ་གཅིག་སེམས་གཅིག་གིས་སྔོག་འདོན་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སློབ་ཆེན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་འགྱུར་བར་རོགས་རམ་བྱས་ཡོད།

དཔུང་ཁག་འཛུགས་སྐྱོང་གི“འཇོན་ཐང་ཅན”

བོད་སྐྱོར་ལོ་5ལྷག་ཙམ་བྱེད་རིང་། ཀུའུ་ཧྲུའུ་ཧྭ་ཡིས་སྡེ་ཚོགས་ལྗོངས་ཨུ་ལྷན་གཞོན་ནུ་འཕེལ་རྒྱས་པུའུ་དང་། གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། ཁ་གཏད་རོགས་སྐྱོར་དང་ལེན་གཞུང་དོན་ཁང་བཅས་ལ་སྔ་རྗེས་སུ་ཁག་བགོས་དོ་དམ་གྱི་འགན་ཁུར་བ་དང་། རེས་སྐོར་གསར་པའི་སྒྲིག་གཞི་སྒྱུར་བཅོས་བྱས་རྗེས་ཁོང་སླར་ཡང་རྩ་འཛུགས་པུའུ་དང་ལས་ཁུངས་ཏང་ཨུད་ལ་ཁག་བགོས་དོ་དམ་བྱེད་དུ་བཅུག་པས་སྡེ་ཚོགས་ལྗོངས་ཨུ་ལྷན་གྱི་གཙོ་གནད་ཚན་པར་ཁོང་གི་སྤྲོ་སེམས་དང་སེམས་ནུས་ཡོངས་རྫོགས་བཏོན་ཡོད་ཅེས་བརྗོད་ཆོག

སྡེ་ཚོགས་ལྗོངས་ཨུ་ལྷན་ལག་ལེན་སློབ་གསོ་རྟེན་གཞིའི་སྒྲིག་ལམ་ཟབ་ཟོབ་ཡིན་པར། གསར་དུ་བསྐོ་གཞག་བྱས་པའི་རྟེན་གཞིའི་ཀྲུའུ་རེན་དངོས་གྲུབ་ཀྱིས“སྒྲིག་ལམ་བཟོ་བ་དང་ལམ་ལུགས་ནན་དུ་ཇི་ལྟར་གཏོང་དགོས”པའི་ཐད་སེམས་ཁྲལ་བྱེད་བཞིན་པའི་སྐབས་སུ། ཀུའུ་ཧྲུའུ་ཧྭ་ཡིས་སྔོན་ལ་བསམ་བློའི་གནད་དོན་ཐག་གཅོད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《སློབ་གསོའི་སྐོར་གླེང་བ》སློབ་སྦྱོང་སྒྲིག་འཛུགས་བྱས་པའི་ཁར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སློབ་མའི་དངོས་སྦྱོང་ལག་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བླང་བྱར་གཞིགས་ནས་སློབ་གསོའི་སྡེ་ཚན་གྱི་འབྲེལ་ཡོད་སྒྱུར་བཅོས་བྱ་ཐབས་ལ་ཞིབ་འཇུག་བྱེད་དགོས་པ་དང་། གཞི་རིམ་གྱི་གཞོན་ནུ་ལོ་ཆུང་གི་གཙོ་གནད་ལས་རིགས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་ཚོགས་པའི་སྤྲོ་སེམས་སྐོང་འཐེན་བྱས་ཏེ་ཇུས་ཤུགས་མཉམ་འདོན་གྱིས་གཞོན་ནུ་ལོ་ཆུང་གི་བྱང་ཚད་སློབ་གསོའི་བྱེད་སྒོ་སྤེལ་དགོས་པ་སོགས་ཀྱི་ཐབས་ཤེས་བཏོན་ཡོད།

ལོ་ཕྱེད་ཙམ་འདས་རྗེས། ཀུའུ་ཧྲུའུ་ཧྭ་ཡི་བོད་སྐྱོར་ཁག་གཉིས་པའི་ལས་དོན་མཇུག་འགྲིལ་ཉེར་ཡོད། ཁོང་གིས་མཐའ་མཚམས་སུ་སྡོད་པའམ་ཡང་ན་ཕྱིས་འབྱུང་པེ་ཅིང་དུ་ལོག་པ་གང་ཞིག་ཡིན་རུང་། “བོད་སྐྱོར་གྱི་སྙིང་སྟོབས”ལག་ལེན་ཧུར་ཐག་བསྟར་ནས། དུས་རབས་གསར་པའི་གུང་གཞོན་སྡེ་ཚོགས་ལས་བྱེད་པའི་ཕུགས་བསམ་གྱི་བརྩེ་བ་དང་། ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་སེམས་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཉམས་པ་མེད་པའི་ལང་ཚོ་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་མཐའ་མཚམས་ལ་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།

པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明