སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་ངོས་གསར་བརྗེ་བྱེད་པ་ནི་ཀལ་གསབ་རུས་གསོ་དང་། དུག་སེལ་ནད་འཇོམས། འགག་རྩར་ཐུག་དུས་འཕྲལ་ཐག་ཆོད་པ། སྐྱེ་སྟོབས་འཕེལ་བ་བཅས་བྱས་ནས། ཏང་གི་གཟུགས་བརྙན་ལ་གནོད་པའི་གནད་དོན་རྒྱུན་ཆད་མེད་པར་གཙང་སེལ་བྱེད་པ་དང་རང་ངོས་ཀྱི་ནད་འགོག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་ཤི་སྲིད་ཕུང་སྔོན་འགོག་བྱ་རྒྱུ་དེ་ཡིན”ཞེས་གསུངས་ཡོད། རྩ་འཛུགས་ཤིག་ལ་ཆ་མཚོན་ན། རང་ངོས་གསར་བརྗེ་བྱེད་པ་ནི་ཁོར་ཡུག་གསར་པ་དང་འཚམ་པ་དང་དམིགས་ཚད་དེ་བས་མཐོ་བ་ལེགས་གྲུབ་བམ་ཡང་ན་ནང་ཁུལ་གྱི་གནད་དོན་ཐག་གཅོད་བྱ་ཆེད་སྤེལ་བའི་རང་འགུལ་ངང་རང་སྐྱོན་རང་བརྟག་དང་སྒྱུར་བཅོས་གཏིང་ཟབ་བྱེད་པ་ཞིག་རེད།
རང་ངོས་གསར་བརྗེ་ནི་ཀྲུང་གོ་གུང་ཁྲན་ཏང་དེ་ཉིད་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད། གཞན་རྣམས་གསར་བརྗེ་བྱེད་སླ་ཡང་། རང་ཉིད་གསར་བརྗེ་བྱེད་པ་དཀའ། རང་ངོས་གསར་བརྗེ་ནི་ལས་སླ་པོ་ཞིག་གཏན་ནས་མིན། མིག་སྔར་འཛམ་གླིང་ཐོག་སྲིད་ཏང་6000ལྷག་ཙམ་ཡོད་པའི་ནང་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་སྲིད་ཏང་60ལྷག་ཙམ་ཡོད། སྲིད་ཏང་དེ་དག་གི་ནང་ནས་ལ་ལའི་འཕོ་འགྱུར་ནི་འགོ་ཡོད་མཇུག་མེད་དང་། འགའ་ཞིག་འཕོ་འགྱུར་བྱེད་རིང་ཁ་ཕྱོགས་འཛོལ་བ། ལ་ལས་འཕོ་འགྱུར་དང་ལེན་མི་བྱེད་པ་བཅས་རེད། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ལ་ལྟ་སྐབས། ཀྲུང་གོ་གུང་ཁྲན་ཏང་བཞིན་ནང་ཁུལ་དང་ཕྱི་ཕྱོགས་གཉིས་ཀར་འཕྲད་པའི་འགྲན་སློང་ལ་ཕྱོགས་ཡོངས་ནས་ངོས་འཛིན་གཏིང་ཟབ་ཐུབ་མཁན་དང་། རང་ངོས་ཀྱི་གནད་དོན་ལ་ཚད་མཐོའི་རང་རྟོགས་ངང་མཐོང་ཆེན་བྱེད་མཁན། རང་ངོས་འཛུགས་སྐྱོང་ལ་གཟབ་ནན་དང་ནན་ཏན་ངང་ལྟ་སྟངས་འཛིན་མཁན་བཅས་ཀྱི་སྲིད་ཏང་གཅིག་ཀྱང་མེད་པས། འདི་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་བྱ་སྤྱོད་རླབས་པོ་ཆེ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་རླབས་ཆེན་ཡིན་དོན་ནི་ནོར་འཁྲུལ་མི་ཤོར་བས་མིན་པར་སྐྱོན་ཆ་གཏན་ནས་མི་འགེབས་པ་དང་། གནད་དོན་ལ་གཡོལ་ཐབས་གཏན་ནས་མི་བྱེད་པ། གནད་དོན་ལ་གདོང་གཏུག་ཕོད་པ་དང་གནད་དོན་ཐག་གཅོད་ཧུར་ཐག་བྱེད་ཕོད་པ་དང་། རང་ངོས་སླར་གསོ་དང་ཉེན་ཁ་འགོག་ནུས་ཧ་ཅང་ཆེན་པོ་ལྡན་པས་རེད།
རང་ངོས་གསར་བརྗེ་ནི་ཏང་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་པའི་འགག་རྩ་ཡིན། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱ་ལྷག་ཙམ་རིང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་གང་ལེགས་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱི་འགྲན་རྩོད་ཁྲོད་རྩལ་ནུས་ཀུན་འདོན་ཐུབ་པ་དང་། མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་དང་ཉེན་ཁ་རེ་རེ་ལས་རྣམ་པར་རྒྱལ་བ་དང་གྲུབ་འབྲས་རླབས་པོ་ཆེ་མང་པོ་ཐོབ་པ། དཀའ་ངལ་མང་པོ་འཕྲད་ཀྱང་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བ། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སླེབས་ཏེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་ལ་གྱུར་པ། མི་དམངས་མང་ཚོགས་ཀྱི་སྙིང་དབུས་ནས་བརྩི་བཀུར་དང་རྒྱབ་སྐྱོར་ཚད་མེད་ཐོབ་པ་བཅས་ཀྱི་རྩ་བའི་རྒྱུ་རྐྱེན་ནི་རང་ངོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཁྱོངས་ཐུབ་པས་རེད། སྙིང་སྟོབས་འདི་ཡིས་ཏང་གིས་གནད་དོན་དང་ནོར་འཁྲུལ་གྱི་མདུན་དུ། དཔའ་ངར་ཆེན་པོས་རང་སྐྱོན་རང་བརྟག་དང་ཡོ་བསྲང་བྱས་ཏེ། འཐབ་རྩོད་ཀྱི་དགོས་མཁོ་དང་རྒྱུན་ཆད་མེད་པར་བསྟུན་པས། རང་ངོས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། རང་ངོས་གསར་བརྗེར་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་ཏེ་ལོ་རྒྱུས་དུས་འཁོར་གྱི་ཆོས་ཉིད་ལས་ཐར་བར་བྱས་ཡོད། དེར་བརྟེན། རང་ངོས་གསར་བརྗེ་ནི་རང་རེའི་ཏང་གི་གཤིས་རྒྱུད་མངོན་གསལ་དོད་ཤོས་དང་ལེགས་ཆ་ཆེ་ཤོས་དེ་རེད།
ཀྲུང་གོ་གུང་ཁྲན་ཏང་ནི་རང་ངོས་གསར་བརྗེ་བྱེད་ཕོད་པའི་སྲིད་ཏང་ཞིག་རེད། མིག་སྔར། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འཕྲད་བཞིན་ཡོད། སྔར་བཞིན་གནས་པའི“ཉེན་ཁ་ཆེན་པོ་བཞིའི”མདུན་དུ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱར་བརྟེན་ནས་རང་ཉིད་ལ་ཞིབ་ལྟ་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེན་པོར་བརྟེན་ནས་རང་ཉིད་རྨོངས་གཉིད་ལས་སད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ལ་སྦྱོང་བརྡར་བྱེད་པ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་ཏུ་གཏོང་བ། རུལ་འགོག་འགྱུར་འགོག་གི“ལྕགས་རྩིབ”སྐྲུན་པ་བཅས་བྱས་ཚེ། རང་རེའི་ཏང་འདི་ཉིད་གཞི་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་དང་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཀ་རྟེན་ཞིག་ཏུ་འགྱུར་ཐུབ་ངེས་ཡིན།
པད་ཆོས་ཀྱིས་བསྒྱུར།