西藏青年报藏文版གལ་ཆེའི་གསར་འགྱུར། ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ལྷ་སར་འཚོགས་པ།

放大 缩小 默认

ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ལྷ་སར་འཚོགས་པ།

ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ལིའུ་ཅང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ།

ཟླ་12ཚེས་24ཉིན། ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་དང་ལྗོངས་ཡོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

ཟླ་12ཚེས་24ཉིན། ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར། རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་དང་རྒྱལ་ཡོངས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་ལྗོངས་ཡོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་། ལིའུ་ཅང་གིས་ཕྱོགས་སྡོམ་གསུང་བཤད་གནང་ཞིང་། ལའེ་ཅའོ་དང་། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་བཅས་ཞུགས་པ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་འཐབ་ཇུས་བཀོད་སྒྲིག་བྱས་ནས་དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པ་དང་གནས་བབ་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སློབ་གསོར་ཚད་མཐོའི་མཐོང་ཆེན་དང་ཐུགས་རེ་ནན་པོ་བཅོལ་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་སློབ་གསོའི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་སློབ་གསོའི་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བས། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་ནུས་ལྡན་བྱུང་བ། སློབ་གསོའི་སྤུས་ཚད་རིམ་བཞིན་ཇེ་མཐོར་ཕྱིན་པ། སློབ་གསོའི་བོད་སྐྱོར་གཏིང་ཟབ་ཏུ་ཕྱིན་པ། དགེ་རྒན་དཔུང་ཁག་གི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ། སློབ་གསོས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཤུགས་སྔར་བས་ཆེ་རུ་ནུས་ལྡན་ཕྱིན་ཡོད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཡུན་རིང་སློབ་གསོའི་འཐབ་ཕྱོགས་སུ་འབད་བརྩོན་བྱེད་མཁན་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་སློབ་གསོའི་ལས་དོན་གྱི་ཁྱོན་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་རྒྱུན་ཆད་མེད་པར་སྐྲུན་པ་བཅས་བྱེད་དགོས། སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། “གཉིས་ཡང”གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་སློབ་གསོ་ཆ་འཕྲིན་ཅན་དང་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཐོག འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱུན་ཆད་མེད་པར་བོད་ལྗོངས་འཛིན་གྲྭའི་གྲུབ་ཆ་ལེགས་སུ་དང་སྤུས་ཚད་མཐོ་རུ་བཏང་ནས། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་དྲང་གཞག་ངང་ཕན་པ་སྔར་བས་མང་པོ་ཐོབ་པ་བྱེད་དགོས། སློབ་གསོ་ཡིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས། གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་གསར་སྤེལ་སོགས་གཙོ་གནད་རྣམ་གྲངས་དང་ཐོན་ལས་འཕེལ་རྒྱས་ལ་རང་འགུལ་ངང་སྦྲེལ་མཐུད་ཧུར་ཐག་དང་། སྒོ་དབྱེའི་རྣམ་འགྱུར་ཐོག་ནས་ནང་སའི་མཐོ་སློབ་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་ཁག་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ལེགས་སྤེལ་ཉེས་འགོག་བྱས་ནས་རང་ངོས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དེ་བས་མང་བ་རྒྱུན་མཐུད་འདོན་དགོས། མཐོ་རིམ་སློབ་གསོའི་བཀོད་པ་ལེགས་སུ་བཏང་ཐོག་བོད་ཀྱི་དོན་དངོས་ལ་གཞིགས་ནས་རིག་ཚན་དང་ཆེད་ལས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། རྨང་གཞིའི་རིག་ཚན་དང་། ཁྱད་ལྡན་རིག་ཚན། ལེགས་ལྡན་རིག་ཚན་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་ཧུར་ཐག་བཙུགས་ནས་ལས་རིགས་སློབ་གསོ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་འཆར་འགོད་དང་ཞིབ་འཇུག་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཆེན་པོ་དགུ་ལ་དམ་པོར་དམིགས་ཏེ་ཆེད་ལས་གསར་འཛུགས་དང་དམིགས་འབེན་ཡོད་པའི་སྒོ་ནས་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། མི་དང་ལས་གནས་འཚམ་པ་དང་མི་དོན་འཚམ་པའི་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་གྱི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བ། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ནས་དགེ་རྒན་གྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། རྨང་གཞིའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དང་སློབ་གསོར་གཏོང་ཆ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག སློབ་གསོའི་ཐོན་ཁུངས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ནས་བྱང་ཚད་སློབ་གསོར་སྔར་བས་སྐུལ་འདེད་གཏོང་བ་དང་སློབ་གསོའི་སྒོ་དབྱེ་མཉམ་ལས་བྱེད་ཁོངས་རྒྱ་སྐྱེད་ཧུར་ཐག་བཏང་ནས་རང་ལྗོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཝང་ཅུན་ཀྲེང་གིས། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་སློབ་གསོའི་ལས་དོན་གྱི་ཆོས་ཉིད་ཚན་རིག་དང་མཐུན་པར་ཁོང་དུ་ཆུད་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བཅས་བྱས་ཏེ། སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཚོལ་ཞིབ་བྱས་ནས་འདོན་དགོས། རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ནུས་པ་སྔར་བས་འདོན་སྤེལ་བྱས་ཐོག སློབ་གསོའི་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ལས་འགན་གལ་ཆེན་དུ་བརྩིས་ནས་སྤྱི་འདོམས་མཐུན་སྦྱོར་དང་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་དེ་སློབ་གྲྭ་གཉེར་སྐྱོང་གི་ལས་དོན་གལ་ཆེན་དུ་བརྩིས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད།

བསོད་ནམས་བདེ་སྐྱིད་ཆེ་བ་དང་དམ་ཆོས་མི་ཕམ་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明