སྐྱེ་ཁམས་ནི་བོད་ཀྱི་ལེགས་ཆ་ཆེ་ཤོས་དང་ལྗང་མདོག་ནི་བོད་ཀྱི་མངོན་གསལ་དོད་ཤོས་ཀྱི་གཞི་ཚོན་རེད། གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་མྱུར་པོ་འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་18.8%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། ཟླ་9པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་20.1%འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྗང་མདོག་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་130.68བྱས་ནས་ལོ་འཁོར་དམིགས་ཚད་ཀྱི་93.3%ལེགས་གྲུབ་བྱུང་བ་རེད།
ངོ་མཚར་ཆེ་ལ་ཡངས་པའི་ས་མཐོའི་ས་གཞི་ཆེན་པོ་འདིར། བོད་ཀྱིས་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རླབས་རྒྱུན་ཁྲོད་བཟོ་ལས་ཅན་གསར་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བའི་ཚོགས་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་། ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
ལྗང་མདོག་འཕེལ་རྒྱས་དེ་ཕྱོགས་སྒྱུར་རིམ་སྤོར་གྱི་ལྡོག་མེད་གདམ་གར་བརྩིས་པ།
བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བར་བོད་ལ་སྲིད་ཇུས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ས་བབ་ཀྱི་ཁྱད་ཡོན། རྗེས་ཐོན་ཁྱད་ཡོན་བཅས་ལྡན་ཡོད།
ཇི་ལྟར་བྱས་ཏེ་བཟོ་ལས་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་རི་ཆུ་མཉམ་དུ་འཕེལ་རྒྱས་གཏོང་བའི“བོད་ཀྱི་ཐབས་ལམ”ཞིག་འཚོལ་ཞིབ་བྱས་ནས་རི་ཆུའི་མཛེས་སྡུག་དང་འཕེལ་རྒྱས་ཀྱི་སྒེག་ཉམས་གཉིས་གཅིག་སྡུད་ཡོང་བར་བྱེད་དགོས་སམ་ཞེ་ན།
བོད་འདི་ཉིད་མཚོ་བོད་ས་མཐོར་གནས་པ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པས། བཟོ་ལས་ལྗང་མདོག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཕྱོགས་སྒྱུར་རིམ་སྤོར་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད།
ལྗང་མདོག་ཨར་སྐྲུན་རྒྱུ་ཆ་དང་། རང་བྱུང་འཐུང་ཆུ། ཞིང་འབྲོག་ཐོན་རྫས་ལས་སྣོན། མཐོ་གསར་ལག་རྩལ་བཟོ་སྐྲུན་སོགས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་དུས་གནས་རྟོག་དཔྱོད་དང་། ཁ་ཕྱོགས་གཏན་འཁེལ། ཚད་གཞི་མཐོ་པོས་སྐུལ་འདེད། རང་ངོས་གསར་བཅོས་བཅས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བཟོ་ལས་དང་། ཞིང་ལས། ཞབས་ཞུའི་ལས་རིགས་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱས་ཏེ་བསམ་ཕྱོགས་ཁ་གསལ་བཟོ་བ་ནས་ཇུས་གཞི་བཟོ་བ་དང་དེ་ནས་དམིགས་ཚད་ལས་འགན་ལ་དམ་འཛིན་དང་། སྤྱི་འདོམས་སྣེ་ཁྲིད་ལ་དམ་འཛིན། གཙོ་གནད་ཐོན་ལས་ལ་དམ་འཛིན། ཚོང་འགུགས་མ་འདྲེན་ལ་དམ་འཛིན་སོགས་ཀྱི་ལས་དོན་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་ཅན་གསར་པར་སྐུལ་འདེད་མྱུར་པོ་གཏོང་བའི་ལག་བསྟར་ཇུས་གཞི》དང་།
《བོད་ཀྱི་ལྗང་མདོག་བཟོ་གྲྭ་སྐས་རིམ་བཞིན་སྐྱེད་སྲིང་དང་དོ་དམ་གྱི་ལག་བསྟར་ཞིབ་སྲོལ》 《བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བརྗེས་དང་ལག་རྩལ་སྒྱུར་བཀོད་ཀྱི་བྱ་སྤྱོད་ཇུས་གཞི》 《2024ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་རྣམ་གྲངས་འདུན་ཞུའི་ཞིབ་སྲོལ》སོགས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ཡོད་པ་རེད།
སྨན་གླིང་གྲོང་ཁྱེར་གྱིས་ས་གནས་གཞན་གྱི་ཁེ་ལས་ནང་འདྲེན་བྱས་ནས་ནགས་གསེབ་ཏུ་རི་སྐྱེས་ར་མཉེ་བཏབ་པ་དང་། ས་སྐྱ་རྫོང་གིས“ཁེ་ལས་དང་། ཚན་ཞིབ། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས་ས་མཐོའི་ཁ་ཆེ་ཤ་སྐམ་གྱི་རྣམ་གྲངས་འཕེལ་རྒྱས་བཏང་བ། བོད་ལྗོངས་ཉིང་རྩིས་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་གྲངས་གཞིའི་ལྟེ་གནས་སྤྱད་དེ་ནུབ་རྒྱུད་ས་ཁུལ་གྱི་མ་གནས་དམའ་བའི་རིམ་འདས་རྩིས་རྒྱག་ལྟེ་གནས་ཆེ་གྲས་བཏོད་དེ“སྤྲིན་རྩིས་དང་ལས་རིགས”ཟུང་དུ་འབྲེལ་བའི་ལས་སྒོའི་རྣམ་པ་བཏོད་པ་སོགས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས“ལྗང་མདོག”གི་ཕྱོགས་སུ་སྐྱོད་པ་དང“ལྗང་མདོག”གི་རྗེས་སུ་བསྙེགས་ཏེ“རི་སྔོན་ཆུ་དྭངས”དང“གསེར་རི་དངུལ་རིའི”ཕན་ཚུན་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་སྒྱུར་པ་བྱས་ཡོད།
བཟོ་ལས་ཅན་གསར་པའི“འགྲན་ལམ་གསར་པའི”ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྩེ་རིམ་ཇུས་འགོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་དོན་དངོས་དང་བསྟུན་ནས་འཚོལ་ཞིབ་དང་རྗེས་སྙེགས་ཟམ་མི་ཆད་པར་བྱས་པས་བོད་ཀྱི་བཟོ་ལས་དཔལ་འབྱོར་དེ་སྤུས་ཚད་མཐོ་བ་དང་། ལྗང་མདོག་ཅན། གསར་གཏོད་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་རིམ་བཞིན་སྐྱོད་ཐུབ་པ་བྱུང་ཡོད།
ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་བཟོ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ།
བོད་ལྗོངས་ཤར་གངས་ལྕམ་ཁེ་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་དེང་རབས་ཅན་གྱི་ཐོན་སྐྱེད་ལས་རིམ་འཁོར་སྐྱོད་མྱུར་པོ་བྱེད་བཞིན་ཡོད་ཅིང་། གཏེར་ཆུ་འགྱིག་དམ་ནང་བླུགས་ནས་ཐུམ་འཇུག་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོ་འཕྲུལ་འཁོར་གྱིས་བྱེད་པ། འགྲམ་དུ་ལྟ་སྐུལ་དོ་དམ་བྱེད་མཁན་ལས་མི་ཉུང་ཤས་ལས་མེད་པས། དེ་སྔ་མི་རྣམས་ཁེ་ལས་ཀྱི་འཁོར་ཁང་དུ་སྐྱོད་སྐབས་ཐལ་རྡུལ་གྱིས་ཁེངས་པ་དང་འཛེར་སྒྲ་རྣ་བར་གཟན་པའི་བག་ཆགས་ལ་འགྱུར་ལྡོག་ཕྱིན་ཡོད། ཐོན་སྐྱེད་ལས་རིམ་སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཐོན་རྫས་ཀྱི་སྤུས་ཚད་དང་ཐོན་འབོར་མཐོ་རུ་ཕྱིན་པ་མ་ཟད། མངགས་ཉོའི་གྲངས་འབོར་ཡང་དེ་དང་བསྟུན་ནས་མང་དུ་ཕྱིན་ཏེ་སྔོན་དཔག་བྱས་ན་ལོ་རེར་ཐོན་འབོར་ཏུན་5000ཡན་ཟིན་རྒྱུ་རེད།
དེ་ནི་རང་ལྗོངས་ཀྱི་ཁེ་ལས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རང་ལྗོངས་སུ་བཟོ་ལས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བརྗེས་དང་ལག་རྩལ་སྒྱུར་བཀོད་ཀྱི་རྣམ་གྲངས་མཛོད་བཙུགས་པ་དང་ལྗོངས་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་སུ་སྒྲིག་ཆས་ཆ་ཚང་213བརྗེས་ཡོད་པ་རེད།
“བོད་ཀྱི་ནུས་རྒྱུ་གཙང་མའི་རྩེར་སོན་སྒྲིག་ཆས་ཐོན་ལས་རྟེན་གཞི་དང་པོ་ཡིན་པའི་ངོས་ནས་ང་ཚོས་རྩེར་སོན་བཟོ་སྐྲུན་གྱི་དཔེ་མཚོན་ནུས་ཤུགས་ཡོད་རྒུས་བཏོད་དེ་གངས་ལྗོངས་ས་མཐོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་འགན་འཁུར་བས་བཤད། ད་ལོའི་ཟླ་8ཚེས་14ཉིན། སྒམ་གཟུགས་གློག་གནོན་སྒྱུར་ཆས་དང་བསད་སྤར་སྒྲོམ་སོགས་གློག་སྒྱུར་དང་དེ་བཞིན་རང་འགུལ་ཅན་གྱི་འཕྲུལ་འཁོར་སྒྲིག་ཆས་སྤྱོད་འགོ་ཚུགས་པ་དང་ཆབས་ཅིག ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་འཕྲུལ་འཁོར་ཞིབ་འཇུག་སུའོ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། རྣམ་གྲངས་དེ་དུས་ཐེངས་གསུམ་ལ་ཕྱེ་ནས་སྐུལ་འདེད་བཏང་བ་དང་ཚང་མ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་རེར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་གྱི་ཡོད་པ་རེད།
ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ནི་ས་གནས་དང་སྡེ་ཚན་དང་དེ་བཞིན་ཁེ་ལས་ཀྱི་རང་རྟོགས་སུ་གྱུར་ཡོད། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་བཟོ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སྦགས་བཙོག་ཆེ་བ་དང་། ནུས་རྒྱུ་ཟད་གྲོན་ཆེ་བ། སྙིགས་འབུད་མང་བ་བཅས་ཀྱི་ཁེ་ལས་འཛུགས་རྒྱུར་གཏན་འགོག་མཐའ་གཅིག་ཏུ་བྱས་པས་ལྗང་མདོག་བཟོ་ལས་འཕེལ་རྒྱས་ཐད་འཕེལ་རྒྱས་མགྱོགས་པ་དང་། ལྗང་མདོག་ཅན་གྱི་ཆུ་ཚད་མཐོ་བ། ས་མཐོའི་ཁྱད་ལྡན་སྤུས་རྟགས་ལེགས་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོད་པ་རེད།
ཞན་ཆ་བསལ་ཏེ་བཟོ་ལས་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་བཏོད་པ།
བོད་ཀྱི་ལྗང་མདོག་བཟོ་ལས་མྱུར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཏིང་ཤུགས་གང་དུ་ཡོད་དམ་ཞེ་ན།
ཀུན་གྱིས་ཤེས་གསལ་ལྟར། བོད་འདི་ཉིད་བཟོ་ལས་ཅན་གྱི་དུས་འགོ་ནས་དུས་འབྲིང་ཕྱོགས་སུ་སྐྱོད་པའི་དུས་མཚམས་སུ་གནས་ཡོད་པས། གཞི་ཁྱོན་ཆུང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ། སྣེ་འདྲེན་ཁེ་ལས་ཉུང་བ། ཐོན་ལས་འཁོར་འབྲེལ་ཐུང་བ་སོགས་ཀྱི་ཞན་ཆ་ཡོད། དཀའ་གནད་ཇི་ལྟར་སེལ་བའི་ཐད་རང་སྐྱོང་ལྗོངས་ཀྱིས“སྣ་འདུས་ཐབས་བཟང”རབ་དང་རིམ་པ་བཏོན་ཡོད།
ལྗང་མདོག་ཕྱོགས་སྒྱུར་ནི་བཟོ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ་འཕེལ་རྒྱས་གཏོང་བའི་འགག་གནད་ཀྱང་རེད། ད་ལོའི་ལོ་འགོར། ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཚོགས་འདུ་འཚོགས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན(མ་འཇོག་སྐུལ་འདེད)ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ལྗང་མདོག་བཟོ་ལས་སོགས་ཐོན་ལས་ཚོང་འགུགས་ཆེད་དོན་ཚོགས་ཆུང་6བཙུགས་ཏེ“ཞན་ཆ་གང་དུ་ཡོད་ན་ཞབས་ཞུ་དེ་གར་སྒྲུབ་པ་དང་ཞན་ཆ་གང་དུ་ཡོད་ན་དེ་གར་དུས་ཐོག་ཏུ་འགན་སྲུང་བྱེད་པ”མཐའ་འཁྱོངས་བྱས་པས། “འགོ་ཁྲིད་ཀྱིས་མཐོང་ཆེན་དང་། སྡེ་ཚན་གྱིས་མཐུན་སྦྱོར། གོང་འོག་མཉམ་འགུལ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ”བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད།
ད་ལོར། “‘བཟོ་ལས’ལ་བརྟེན་ནས་མཐའ་མཚམས་འཛུགས་སྐྲུན་དང‘མཐོ་གསར’ས་མཐོར་ཕྱོགས་པ་ཞེས་བརྗོད་དོན་གཙོ་བོར་བྱས་པའི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཚོང་འགུགས་མ་འདྲེན་གྱི་བོད་རང་སྐྱོང་ལྗོངས་ཀྱི་རིམ་སྤེལ་བྱེད་སྒོ—ལྗང་མདོག་བཟོ་ལས་དང་མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་འོས་སྦྱོར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ལྗོངས་ཕྱི་ནང་ནས་ཡོང་བའི་ཁེ་ལས་110ལྷག་ཙམ་གྱི་འཐུས་མི་ཚོགས་འདུར་ཞུགས་པ་དང་ཁེ་ལས་དང་ཚན་པ་5ཡིས་ས་གནས་ས་ཐོག་ཏུ་རྣམ་གྲངས་5དང་མཉམ་ལས་ཀྱི་གྲོས་མཐུན་བཞག་པར་གན་འཇོག་མ་དངུལ་སྒོར་དུང་ཕྱུར་10.2ཟིན་ཡོད། “ད་ཆ་བོད་ཀྱི་མ་འཇོག་ཁོར་ཡུག་ཡག་པོ་ཡོད་པས་ང་ཚོས་སེམས་ནུས་ཡོད་རྒུས་བོད་ཀྱི་འཛུགས་སྐྲུན་དང་བོད་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད”ཅེས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་ཀྲུང་གོ་ཚན་རིག་ཤིང་ཐུའུ་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ལས་རོགས་ཀྲོའུ་ཧྥུང་གིས་བཤད།
མ་འོངས་པར་རྒྱང་ལྟ་བྱས་ན། མདུན་ལམ་ཉམས་དགའ་བ་ཞིག་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་བཟོ་ལས་ཅན་གསར་པའི་ལམ་བུའི་ཐོག་ཡག་པོ་བསྐྱོད་དེ“དོན་ཆེན་བཞི”དང“འཛུགས་གཏོད་བཞི”གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དངོས་པོའི་རྨང་གཞི་དང་འགན་སྲུང་སྲ་ཞིང་བརྟན་པ་ཞིག་མཁོ་འདོན་བྱེད་དགོས།
ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར།