འཇིག་རྟེན་འདིར་ང་ལ་བྱམས་ཤོས་བྱེད་མཁན་ནི་ང་ཡི་ཨ་མ་ལགས་ཡིན་པ་དང་། ང་ལ་ཚེ་སྲོག་སྦྱིན་མཁན་ཡང་ཁོང་ཡིན།
ངའི་ཨ་མའི་ངོ་གདོང་སྒོར་སྒོར་ཡིན་པ་དང་སྐུ་གཟུགས་ཙ་རིའི་སྨྱུག་མ་དང་འདྲ་བ། དབུ་སྐྲ་སི་ལིང་ལྗང་པ་དང་འདྲ། ཨ་མ་ལགས་རྒྱུན་དུ་གོས་ནག་པོ་གྱོན་པར་ཧ་ཅང་དགའ་པོ་ཡོད། ངས་ཐེངས་ཤིག་ཨ་མ་ལགས་ལ། ཁྱེད་རང་གོས་ནག་པོ་གྱོན་པར་དགའ་བའི་རྒྱུ་མཚན་གང་ཡིན་སྐད་ཆ་འདྲི་དུས། ཨ་མ་ལགས་ཀྱིས་ང་ལ་གོས་ནག་པོ་གྱོན་ན་ལུས་ལ་དྲོད་མགྱོགས་པོ་ཁུག་ཐུབ་པས་ཡིན་ཞེས་གསུངས་བྱུང་། ཨ་མ་ལགས་ད་དུང་ཞབས་བྲོ་འཁྲབ་པར་ཧ་ཅང་དགའ་པོ་ཡོད་པས་ཁོང་ཉིན་ལྟར་ཆུ་ཚོད་ཕྱེད་ཀ་ཙམ་ཞབས་བྲོ་འཁྲབ་གནང་གི་ཡོད།
ཐེངས་ཤིག ངའི་སྐྱེས་སྐར་གྱི་དུས་ཚོད་ཉིན་མོར། ངའི་པཱ་ལགས་དང་ཨ་མ་ལགས་གཉིས་ཀ་ས་ཆ་གཞན་དུ་བཞུགས་ཡོད་པས་ངའི་བསམ་པར་སྐྱེས་སྐར་ལ་ང་དང་རྨོ་བོ་ལགས་ཕུད་པའི་མི་གཞན་མེད་སྙམ་སྟེ་ཡིད་མུག་ནས་བསྡད་པ་ཡིན། འོན་ཀྱང་། ཅུང་ཟད་འདས་རྗེས་ངའི་པཱ་ལགས་དང་ཨ་མ་ལགས། ད་དུང་ང་ཡི་གཅེན་མོ་དང་། གཅུང་མོ། གྲོགས་པོ་སོགས་ང་ཚོའི་ཁྱིམ་གྱི་ཕྱོགས་སུ་ཡོང་བཞིན་འདུག ཨ་མ་ལགས་ཀྱིས་ང་རང་ཟ་བར་དགའ་བའི་ཚལ་སྣ་མིན་སྣ་ཚོགས་བཟོས་འདུག་པས་ང་ཧ་ཅང་དགའ་པོ་བྱུང་། དགོང་མོའི་ཆུ་ཚོད་བཅུ་གཉིས་ཟིན་མཚམས་སུ། ཨ་མ་ལགས་ཀྱིས་ང་ལ་སང་ཉིན་སློབ་གྲྭར་འགྲོ་དགོས་པས་ད་མགྱོགས་ཙམ་ཉལ་ན་དགའ་ཞེས་གསུངས་བྱུང་བས། ངས་ཨ་མའི་ཁ་ལ་ཉན་ནས་ཉལ་བར་ཕྱིན་མོད། ཉལ་ནས་ཅུང་སོང་རྗེས་ངའི་ལུས་པོ་ཡོངས་ལ་ཚ་བ་རྒྱས་ཏེ་བདེ་པོ་གཏན་ནས་མ་བྱུང་། ངས་ཨ་མ་གཉིད་ལས་མ་སད་པའི་ཆེད་དུ་སྡུག་རུས་བྱས་ནས་བསྡད་པ་ཡིན། ཡུད་ཙམ་སོང་རྗེས། ང་རང་ན་ཟུག་ལ་བཟོད་བསྲན་དཀའ་བར་གྱུར་བས་ཡར་ལངས་ཏེ་ཚ་བ་གཅོག་པའི་སྨན་འཚོལ་བར་ཕྱིན་པ་ཡིན། འོན་ཀྱང་། ངས་གཟབ་གཟབ་མ་བྱས་པར་སྨན་ས་ལ་ཟགས་སོང་བས་ཨ་མ་ལགས་ཧོབ་སྟེ་གཉིད་ལས་སད་སོང་། ཨ་མས་ང་ལ་ཁྱོད་རང་ག་རེ་བྱེད་བཞིན་ཡོད་ཅེས་དྲིས་གནང་བྱུང་བས་ངས་ལམ་སེང་ལན་བཏབ་མེད། ཨ་མས་ས་སྟེང་དུ་ཟགས་པའི་སྨན་བསྒྲུགས་ནས་ང་ལ་རང་ན་གི་འདུག་གམ་ཞེས་དྲིས་ཏེ། ངའི་མདུན་དུ་ཕེབས་པ་དང་ངའི་དཔྲལ་བར་ལག་པ་སྦྱར་ནས་རང་ལ་ཚ་བ་རྒྱས་འདུག ད་མགྱོགས་ཙམ་སྨན་ཁང་དུ་འགྲོ་དགོས་ཞེས་གསུངས་ནས་ང་སྨན་ཁང་དུ་ཁྲིད། སྐབས་དེ་དུས་ཕྱི་རོལ་དུ་ཆར་པ་ཤག་ཤག་ཏུ་བབས་པ་དང་འབྲུག་སྐད་ལྡིར་ལྡིར་དུ་གྲགས་ཀྱང་། ཨ་མས་དེ་དག་ལ་སྣང་བ་གཏན་ནས་མ་བཏང་བར་ང་སྒལ་པར་ཁུར་ནས་སྨན་ཁང་དུ་ཁྲིད་བྱུང་། །