西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སློབ་འབྲིང་ལུས་རྩལ་སློབ་ཚན་གྱི་གལ་ཆེའི་རང་བཞིན་ཕྲན་ཙམ་གླེང་བ། ༄༅། །བཤེས་གཉེན་ལ་སྤྲིངས་པ། ༄༅། །མི་གཅིག་ལ་ལྟ་སྟངས་གཉིས།

放大 缩小 默认

༄༅། །བཤེས་གཉེན་ལ་སྤྲིངས་པ།

□ 作者 སྐར་མ་སྒྲོལ་མ།

ང་ནི་རྒྱ་མཚོ་ཆེན་པོའི་ཐོག་ཏུ་སྐྱོད་བཞིན་པའི་གྲུ་གཟིངས་ཆུང་ཆུང་ཞིག་ཡིན། བདག་མཐའ་ཡས་ཀྱི་རྒྱ་མཚོ་ལ་མི་ཞེད་དེ། བདག་ལ་ལམ་སྟོན་ཀྱི་སྒྲོན་མེ་ཕྱོགས་སྟོན་འཁོར་ལོ་ཞིག་ཡོད་པས་སོ། ། ཇི་སྐད་དུ། བླ་མ་མེད་པའི་གོང་རོལ་ལ། །སངས་རྒྱས་ཞེས་པའི་མཚན་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་གསུངས་པ་བཞིན་འཇིག་རྟེན་འདིའི་སྐྱེ་བོ་ཡོད་དོ་ཅོག་ལ་ཉུང་མཐར་ཡང་སོ་སོར་དགེ་རྒན་རེ་ཡོད་སྲིད།

བདག་གི་མི་ཚེའི་ལམ་བུའི་ཐོག་ཏུ་རྨོངས་པའི་མུན་པ་སེལ་མཁན་གྱི་དགེ་རྒན་མང་པོ་འཕྲད་བྱུང་། ཡིན་ཡང་ཁོང་རྣམ་པའི་ཁྲོད་དུ་ང་ལ་ཡི་རང་ཆེ་ཤོས་སྟེར་མཁན་ནི་བདག་གི་དམའ་འབྲིང་གི་བོད་ཡིག་རྒན་ལགས་ཁྱེད་རང་ཡིན། ཁྱེད་ཀྱི་ཐུགས་ནི་བལ་ལྟར་འཇམ་ཞིང་སློབ་ཕྲུག་ལ་ཧ་ཅང་བྱམས། ཁྱེད་ལ་སློབ་གསོ་ཁོ་ནར་འབྲེལ་བའི་ཁ་ཞིག་དང་བློ་བརྟན་འགྱུར་མེད་དང་ལྷག་བསམ་རྣམ་དག་གི་སེམས་ཤིག་ཡོད། གཟུགས་པོ་རིང་ལ་ཤ་སྐམ་ལ་སོ་སོའི་ཕ་ཡུལ་གྱི་ཁ་སྐད་བརྒྱབ་པའི་རྒན་ལགས་ཞེས་པ་དེ་ནི་དང་ཐོག་ངས་ཁྱེད་འཕྲད་དུས་ཀྱི་བག་ཆགས་ཡིན། ཡིན་ཡང་དེའི་དུས་ཀྱི་ངས་ཁྱེད་ནི་ངའི་མི་ཚེའི་ཁ་ཕྱོགས་སྒྱུར་མཁན་གྱི་བཤེས་གཉེན་དམ་པ་ཞིག་ཡིན་པ་ག་ལ་ཤེས། ཁྱེད་ཀྱི་སློབ་ཁྲིད་ཉན་པ་ནས་བདག་ལ་དགའ་བ་ཟོལ་མེད་ཅིག་སྐྱེས་བྱུང་། དུས་དེ་ནས་བདག་གི་བོད་ཡིག་སྦྱངས་འབྲས་ཀྱང་ལེགས་སུ་ཕྱིན། ཁྱེད་ཀྱི་སློབ་ཁྲིད་དུས་སུ་བདག་གཉིད་ཅོག་གི་རྨི་ལམ་ལ་བསྐྱོད་མྱོང་མེད། ཁྱེད་ཀྱིས་སློབ་ཁྲིད་བྱེད་སྐབས་ང་ཚོ་ལ་སློབ་ཚན་དེ་དང་འབྲེལ་བའི་སྣ་མང་ཤེས་བྱ་ཁྲིད་སྟོན་བྱེད་ཀྱི་ཡོད་པ་དེ་ནི་བདག་རིག་ཚན་འདི་ལ་དགའ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ནམ་རྒྱུན་བདག་ལ་དོགས་པ་དང་མ་ཤེས་པའི་ཆ་ཡོད་ཚེ་ཁྱོད་ཀྱིས་ག་དུས་ཡིན་ཡང་ངང་རྒྱུད་རིང་པོའི་ངང་ནས་བསླབས་ཀྱི་ཡོད། དགེ་རྒན་བཟང་པོ་ཕ་མ་དང་འདྲ་ཟེར་བ་ལྟར་ཁྱེད་ནི་ཅི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་། སྦྱངས་འབྲས་ལེགས་པོ་མ་ཐོབ་ཀྱང་ཁྱེད་ཀྱིས་ང་ཚོར་གཤེ་གཤེ་མ་བཏང་བར་སྐུལ་མ་དང་སེམས་གསོ་གཏོང་། གལ་ཏེ་ཁྱེད་ལ་དགེ་རྒན་གཞན་དང་འདྲ་བའི་ངར་སྐད་དང་ལག་ཏུ་སློབ་མ་རྡུང་བའི་ལག་ཆ་ཞིག་ཡོད་ཚེ་ང་ཚོས་ཀྱང་ཡིག་ཚད་ཡག་པོ་གཏོང་ངེས། ཡིན་ཡང་ཁྱེད་ཀྱིས་ང་ཚོར་གནས་སྐབས་ཀྱི་ཡིག་ཚད་ཆེད་དུ་མ་ཡིན་པར་རྒྱང་རིང་པོར་བལྟ་དགོས་པའི་སློབ་གསོ་ཡང་ཡང་གནང་། ཁྱེད་འཕྲད་པས་སློབ་མ་གང་མང་ཞིག་གི་ཕུགས་བསམ་ཀྱང་དགེ་རྒན་ཞིག་བྱེད་རྒྱུ་དེ་ཡིན། དེ་སྔོན་ཁྱེད་ཀྱིས་བདག་ལ་དེབ་གཅིག་སྟེར་བྱུང་ཡང་བདག་གིས་ད་དུང་ཀློག་ཚར་མེད་སྟབས་སེམས་ནང་སྨྲ་མི་ཤེས་པའི་གནོང་འགྱོད་སྐྱེ། དགོངས་པ་མ་འཚོམ། རྗེས་སུ་ནས་ངས་དེ་ལྟར་བྱེད་མི་སྲིད། རྒན་ལགས་ཁྱེད་ཀྱིས་ང་ལ་གནང་བའི་རེ་བ་དེ་ངས་ཆུད་ཟོས་སུ་གཏོང་མི་སྲིད། དེ་རིང་བདག་དྲ་ལམ་ནས་ཚིག་སྙན་པོ་ཞིག་མཐོང་བ་དེ་དགེ་རྒན་ཁྱེད་ལ་ཕུལ་ན་ཤིན་ཏུ་འཚམ། “ཁྱེད་ནི་སྒེར་སེམས་མེད་པའི་ཉི་མ་ཞིག་སྟེ་ངའི་སེམས་ལ་འོད་ཟེར་སྤྲོད་ཅིང་། ཁྱེད་ཀྱི་བཀའ་མོལ་ནི་བདུད་རྩི་སྟེ་ངའི་སེམས་ཀྱི་ཞིང་སར་བརླན་བཤེར་སྦྱིན” ཁྱེད་ཀྱི་བཀའ་སློབ་ངའི་སེམས་ནང་རྡོ་བརྐོས་རི་མོ་ལྟར་བདག་ལ་ཉིན་རེ་བཞིན་ཡར་རྒྱས་ཡོང་བར་སྐུལ་ལྕག་བྱེད།

དུས་ཚོད་ནི་རླུང་བུ་དང་འདྲ་བར་འཁྱུག་ཙམ་ལ་ཕྱིན་སོང་། རྒན་ལགས་ཁྱེད་བདེ་པོ་ཡིན་ནམ། སློབ་གྲོགས་རྣམས་ཀྱིས་ཁྱེད་ཀྱི་གསུང་ལ་ཉན་གྱི་འདུག་གམ། ཁོ་ཚོས་ཀྱང་དང་ཐོག་གི་ང་ཚོ་དང་འདྲ་བར་ཁྱེད་རང་ལ་ཁོང་ཁྲོ་སློང་གི་འདུག་གམ། མཇུག་ཏུ“ལེགས་ལམ་ཐམས་ཅད་བསྟོན་པའི་ཕྱིར། ། དགེ་བའི་བཤེས་གཉེན་ཕ་དང་འདྲ། ། ཉེས་པ་ཐམས་ཅད་བཟློག་པའི་ཕྱིར། ། དགེ་བའི་བཤེས་གཉེན་མ་དང་འདྲ། ། ”ཞེས་པའི་ཚིག་འབྲུ་བཟང་པོ་འདིས་བདག་གི་གུས་པར་བརྩེ་བའི་དམའ་འབྲིང་གི་བོད་ཡིག་རྒན་ལགས་ཁྱེད་ལ་ཐུགས་རྗེ་ཆེ་ཞུའོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明