ཟླ་9ཚེས་20ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་པ།
ཟླ་9ཚེས་20ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ང་ཚོས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་དེ་བས་བརྟན་དུ་བཏང་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རིང་མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་དེ་བས་གང་ལེགས་བཏོན་ནས་སྐྱེ་སྟོབས་དང་། གསོན་ཉམས། བརྟན་ལྷིང་། མཐུན་སྒྲིལ་བཅས་ལྡན་པའི་ཆབ་སྲིད་ཀྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། དེ་བཞིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་མི་དམངས་སྲིད་གྲོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། སྲིད་ཏང་གི་རིགས་པའི་གཞུང་ལུགས། དམངས་གཙོའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ཀྱི་འགོ་ཁྲིད་དེ་ཆབ་སྲིད་ལམ་ལུགས་ལ་གསར་གཏོད་རླབས་པོ་ཆེ་བྱས་པ་ཞིག་ཡིན་པས་རིག་གནས་ཀྱི་རྨང་གཞི་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི། ལག་ལེན་གྱི་རྨང་གཞི་བཅས་ཟབ་མོ་ལྡན་པ་དང་། ཀྲུང་གོའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ལྡན་པ། དེ་ཚན་རིག་དང་མཐུན་པ་དང་། ནུས་ལྡན། སྤྱོད་གོ་ཆོད་པ་བཅས་ཀྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་བཅས་ཡིན་པས་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་ཆབ་སྲིད་ཀྱི་རིན་ཐང་ལྡན་པ་བཅས་ལོ་75ཡི་རིང་གི་ལག་ལེན་ཐོག་ནས་ར་འཕྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་དུས་བབ་དང་ལས་འགན་དང་འཚམ་པར་བྱས་ཏེ། ལག་ལེན་གསར་གཏོད་ཀྱི་རྨང་གཞིའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་ནས་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་མཐའ་འཁྱོངས། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་མཐའ་འཁྱོངས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་གསར་པ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་བ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས། བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་བྱེད་པ་ལྟེ་བའི་ལྷུ་ཚིགས་སུ་བརྩི་རྒྱུ་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་མཐའ་འཁྱོངས། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་དོན་དུ་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས། ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་སྒྲུབ་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་པ་རེད། མཐའ་འཁྱོངས་10པོ་ལས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་གྲུབ་ཡོད། དེ་ནི་ལོ་75ཡི་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཚུན་གྱི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་བཏང་བའི་ཉམས་མྱོང་གཅིག་སྡུད་ཐོག་མཚོན་པ་ཞིག་དང་དུས་རབས་གསར་པའི་རྒྱང་ལམ་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས། ངེས་པར་དུ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་མ་ཟད། ད་དུང་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཀྱང་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། གྲོས་མོལ་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་དམིགས་བསལ་དུ་ཡོད་པའི་རྣམ་པ་ཞིག་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཞིག ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་བཅས་ཡིན། དུས་རབས་གསར་པའི་རྒྱང་ལམ་གསར་པར་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། གྲོས་མོལ་དམངས་གཙོའི་མ་ལག་སྤྱི་འདོམས་ཀྱིས་འཐུས་སྒོ་ཚང་དུ་གཏོང་བ། གྲོས་མོལ་དམངས་གཙོའི་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། གྲོས་མོལ་བྱེད་སྟངས་དང་ལས་སྟེགས་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ། རྣམ་པ་བཟང་པོ་དང་ཆ་རྐྱེན་ཡག་པོ་ཧུར་ཐག་གཏོད་པ་བཅས་བྱས་ནས་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་རྒྱང་ལམ་གསར་པར་མི་དམངས་སྲིད་གྲོས་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མི་སེམས་དང་། ཐུན་མོང་གི་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་གཅིག་སྒྲིལ་རྒྱ་ཁྱབ་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་གཙོ་གནད་ཅིག་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་སྲིད་གྲོས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པའི་སྤྱིའི་རྩ་འཛིན་ཞིག་ཡིན། མི་དམངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དང་མི་དམངས་སྲིད་གྲོས་རྩ་འཛུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཏང་ཤོག་ཚོགས་པ་ཁག་དང་། མི་རིགས་ཁག ལས་རིགས་ཁག་བཅས་ཀྱི་མི་སྣས་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་། བསམ་བློའི་ཐད་ཐུན་མོང་ཡར་རྒྱས། བྱ་སྤྱོད་ཐད་གོམ་སྟབས་གཅིག་གྱུར་བཅས་སྔར་ལས་ལྷག་པ་ཡོང་བ་བྱེད་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་སྲིད་གྲོས་ཀྱིས་ཤེས་ལྡན་པ་ལྷན་འཛོམས་དང་རིག་སྟོབས་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་སོགས་ཐད་ཀྱི་གཙོ་གནད་དང་། དཀའ་གནད། གླེང་ཆ་ཆེ་བའི་གནད་དོན་བཅས་ལ་དམིགས་ནས་གྲོས་མོལ་སྲིད་གླེང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ཆབ་སྲིད་ཀྱི་ནུས་པ་འདོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ། ཆོས་ལུགས་མི་སྣ་བཅས་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཕྱིར་སྡོད་སྤུན་ཟླར་རྒྱ་ཁྱབ་ངང་མཐུན་སྒྲིལ་དང་འབྲེལ་གཏུག་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མཐུན་ཆ་ཆེ་ཤོས་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་སྲིད་གྲོས་ཀྱི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གྲོས་ཀྱི་གྲོས་མོལ་དང་གྲོས་མོལ་བྱེད་སྟངས་གཞན་དག་དབར་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་རྒྱག་པ། ཕན་ཚུན་གྲོས་མོལ་གཏིང་ཟབ་དང་། བསམ་འཆར་གང་ལེགས་འདོན་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གཅིག་སྒྲིལ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གོང་ཞུ་དང་། མང་ཚོགས་དང་འབྲེལ་འདྲིས། མི་དམངས་ལ་ཞབས་ཞུ་བཅས་ཀྱི་ལམ་སྲོལ་འཛུགས་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། མི་དམངས་ཀྱི་དཀའ་ངལ་སེལ་བ། མི་དམངས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབས་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་དོན་གླེང་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན་བྱེད་པ། ཀུན་སྤྱོད་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་འགན་འཁྲི་སྒྲུབ་པའི་འགན་ལེན་གལ་ཆེན་ཞིག་ཡིན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་ཐོབ་ཐང་ལ་བརྩི་མཐོང་དང་། ཆབ་སྲིད་ཀྱི་གཤིས་སྤྱོད་ལ་ཞུན་བརྡར། ཆབ་སྲིད་ཀྱི་འཇོན་ཐང་ཆེར་གཏོང་། ལས་འགན་དང་འགན་འཁྲི་འཁུར་སེམས་ཆེར་གཏོང་བཅས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་། ཐབས་ཇུས་བློ་འདྲི། གྲོས་མོལ་དམངས་གཙོ། རྒྱལ་ཁབ་བཅོས་སྐྱོང་གི་འཐབ་ས་དང་པོ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་བསྟར་བའི་ནང་རང་རྟོགས་ངང་ཞུགས་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གུང་རིམ་ཁག་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་འགོ་ཁྲིད་ཀྱི་ནུས་པ་ཡག་པོ་བཏོན་ནས་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་འཛུགས་ཀྱི་མ་ལག་དང་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྲོལ་བཟང་སྤྱོད་བཟང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།
ཝང་ཧུའུ་ཉིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་དམངས་སྲིད་གྲོས་ཀྱིས་ཕུལ་བའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་རྒྱས་བཤད་གཏིང་ཟབ་གནང་བ། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་བ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་བཅས་ལས་དུས་རབས་གསར་པའི་རྒྱང་ལམ་གསར་པར་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གསུང་བཤད་དུས་བབ་ཕྱག་གཟིགས་དང་། གཏིང་ཟབ་གནད་འཕིགས། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པ་མ་ཟད། ད་དུང་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ཡང་ལྡན་ཡོད་པས་ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།
སྤེན་ཚེ་དང་། ལྷག་ཚེ། སྐལ་མཆོག པ་ཕན་བཅས་ཀྱིས་བསྒྱུར།