ཉེ་བའི་ལོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱིས་ཆུ་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་བ་བཞིན་ད་ཐེངས་འདིར་སྟོད་མངའ་རིས་ཀྱི་ཆུ་འགོ་དག་གླེང་བར་བྱ་སྟེ། ཀྲུང་གོའི་བོད་ཀྱི་ནུབ་ཕྱོགས་སུ་གནས་པའི་མངའ་རིས་མཐོ་སྒང་འདི་ཉིད་ས་རྒྱ་ཆེ་ཞིང་། བདེ་ཐང་མུ་མཐའ་བྲལ་བས་རི་ཚོགས་སྟོང་དང་གངས་རིས་བསྐོར་ཞིང་ཐུན་མོང་མ་ཡིན་པ། བོད་ཀྱི་ལྷོ་ནུབ་འབྲེལ་བའི་ཇོ་མོ་གླང་མར་གྲགས་པའི་གངས་རི་འཛམ་གླིང་གི་ཡངས་རྩེར་གྲགས་ཤིང་། ནུབ་བྱང་ཁུ་ནུ་རི་བོ་དང་། ཤར་གྱི་གཉན་ཆེན་ཐང་ལྷ་སོགས་ལྟ་བས་མི་ངོམས་ལ་ལེ་དབར་ཁྲི་ཕྲག་གི་ཡུན་ལ་དར་དཀར་གྱི་ཡུག་ཆེན་པོ་ཞིག་བརྐྱངས་པ་དང་ཀུན་ནས་མཚུངས། མངའ་རིས་ཡུལ་གྲུ་འདི་དག་ལས་འཛམ་གླིང་ས་ཕྱོགས་ཀུན་ཏུ་ཇི་ལྟར་སྙན་གྲགས་རང་བཞིན་གྱི་མཐོང་བར་གྱུར། དེ་ཡང་རྟ་མཆོག་ཁ་བབས་ནི་ཡར་ཀླུང་གཙང་པོའི་སྟོད་རྒྱུད་ཡིན་ལ། གངས་དཀར་ཏི་སིའི་ཤར་ཕྱོགས་དང་བྱེ་མ་གཡུང་དྲུང་ཞེས་པའི་དམིགས་བསལ་ས་ཁོངས་ཀྱི་བྱང་ངོས་ནས་ཤར་དུ་ཕྱོགས་ཏེ་བོད་ལྗོངས་ཀྱི་གཞིས་རྩེའི་རྫོང་ཁག་ས་ཆ་སྦྲེལ་ནས་མྱང་ཆུ་གཙང་པོར་འདྲེས་ནས་དབུས་ཀྱི་སྙེ་མོ་རྫོང་དང་སྟོད་ལུང་། ཆུ་ཤུར་བརྒྱུད་ལྷ་སའི་སྐྱིད་ཆུར་འདྲེས། དེ་ལྟར་བཞུར་རྒྱུན་མུ་མཐུད་བོད་ཀྱི་ལྷོ་རྒྱུད་གཙང་པོར་འདྲེས་ནས་ཤར་ཕྱོགས་ཀོང་ཡུལ་ཡྰ་ཅང་གཙང་པོར་བབས་ནས་མཐར་རྒྱ་གར་ཤར་ཕྱོགས་ཀྱི་ཧིན་རྡུ་རྒྱ་མཚོར་བབས།
རྨ་བྱ་ཁ་བབས་ནི་མངའ་རིས་སྤུ་ཧྲེང་ཡུལ་ནས་བབས་ཤིང་། ཆུ་བོ་གཱང་གའི་འབྱུང་ཁུངས་ཀྱི་ཡ་རྒྱལ་དང་མ་ཕམ་གཡུ་མཚོའི་བྱང་ཕྱོགས་ཀྱི་བྲག་རྨ་བྱའི་གཟུགས་དབྱིབས་འདྲ་བའི་འོག་ནས་བབས་པས་ཡུལ་གྲུ་ཀུན་ཏུ་མིང་དེ་ལྟར་ཐོགས་ཡོད་ཅིང་། བཞུར་རྒྱུན་གྱི་ས་ཁོངས་ཀྱང་རྒྱ་གར་དང་བྷང་ག་ལ་ཞེས་པའི་ཡུལ་གྲུ་བརྒྱུད་སླར་ཧིན་རྡུ་རྒྱ་མཚོར་སྦྲེལ།
གླང་ཆེན་ཁ་བབས་ནི་གངས་ཏི་སིའི་ནུབ་ཕྱོགས་རི་གླང་ཆེན་འདྲ་བའི་སྣ་ཁུང་གི་ཆུ་མིག་བརྒྱ་ལྷག་ཙམ་འདུས་པ་ལས་བབས་ཤིང་། ཆུ་བོ་སིན་རྡུ་དང་འདྲེས་ཏེ་མཐར་རྒྱ་མཚོར་བབས། དེ་ནི་གནའ་བོའི་ཞང་ཞུང་གི་ཤེས་རིག་འབྱུང་གནས་དང་ལྟེ་བ་སྒྲུབ་ཡུལ་ཞིག་ཀྱང་ཡིན།
སེང་གེ་ཁ་བབས་ནི་གངས་དཀར་ཏི་སིའི་བྱང་ཕྱོགས་ཀྱི་བྲག་སེང་གེའི་དབྱིབས་འདྲ་བའི་ཡུལ་ནས་བབས་ཤིང་། ཆུ་སྨད་རྒྱ་གར་དང་མངའ་རིས་ས་མཚམས་འདྲེས་མཚམས་ཀྱི་ས་ཁོངས་ནས་བཞུར་ཞིང་དེ་ཡང་མཐར་རྒྱ་མཚོ་ཆེན་པོར་འདུས་ཀྱི་ཡོད། ཆུ་ཡི་དྭངས་གཙང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་འདྲ་བས་ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་དྭངས་གཙང་ཆུ་ལ་སྲུང་སྐྱོབ་བྱེད་དོ། །
བསོད་ནམས་བཀྲིས།