西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ང་ཡི་གཅེན་མོ། ༄༅། །ང་འབུ་བརྐོ་ས་ནི་དབྱུག་ཕུ་ལ་ཡིན། ༄༅། །གཡག་གུ་བཀྲ་ཤིས།

放大 缩小 默认

༄༅། །ང་འབུ་བརྐོ་ས་ནི་དབྱུག་ཕུ་ལ་ཡིན།

□ 作者 སྒྲོལ་མ་གཡང་འཛོམས།

ང་ལ་མཛེས་སྡུག་ལྡན་པའི་འབུ་བརྐོ་ས་ཞིག་ཡོད། དེ་རུ་རྩི་དང་མེ་ཏོག་སྣ་ཚོགས་བཞད་ཅིང་། རྟ་ནོར་ལུག་གསུམ་རི་ངོས་སུ་བདེ་སྐྱིད་ངང་ནས་རྩྭ་བཅུད་ལ་རོལ། ཡུལ་དེ་ནི་རྒྱང་རིང་ནས་བལྟས་ན་རི་མོ་མཁན་ཞིག་གིས་བྲིས་པ་དང་འདྲ།

སྟེང་ཕྱོགས་སུ་མཚོ་མོ་ལྟར་སྔོ་བའི་བར་སྣང་དབྱིངས་སུ་བཟོ་ལྟ་འདྲ་མིན་གྱི་སྤྲིན་དཀར་སྣ་ཚོགས་ལྡིང་ཞིང་། ལ་ལ་ར་ཕོ་དང་འདྲ་ལ་འགའ་ཤས་མེ་ཏོག་ཆེན་པོ་ཞིག་གི་ཚུགས་ཀར་སྣང་། བར་ལྡེབས་སུ་ཆེ་ལ་མཐོ་བའི་རི་བོ་བརྗིད་ཆགས་ཅིང་། རི་ལྡེབས་སུ་རྟ་དང་། ནོར་དང་། ལུག་སོགས་སྲོག་ཆགས་མང་པོ་གནས། ད་དུང་རི་ཡི་བར་སྲུབ་ནས་ཆུ་ཕྲན་ཆུང་ཆུང་དག་གོང་ནས་འོག་ཏུ་བརྒྱུགས་ཏེ་འདབས་ཀྱི་གཙང་ཆབ་ཏུ་འདྲེས། འདབས་ཕྱོགས་ནས་ཤང་ཤང་ཆུ་མོ་དག་ནི་རྒྱ་མཚོ་ལྟར་ཁུ་སིམ་མེར་འཁྱིལ་བ་མ་ཡིན་པར་སྟོབས་ཀྱིས་མདུན་ཕྱོགས་སུ་བཞུར་བཞིན་པ་ནི་ཧ་ལམ་ལས་ཀ་ཆེན་པོ་ཞིག་ལས་ལ་བྲེལ་བ་དང་མཚུངས།

ནམ་མཁའི་མདོག་ནི་སྔོན་པོ་དང་། སྤྲིན་གྱི་ཚོན་མདོག་ནི་དཀར་པོ། རི་བོ་ནི་ལྗང་མདོག་གིས་སྤྲས་ཤིང་། ཆུ་བོས་ནི་མཚལ་མདོག་གི་ལང་ཚོ་ངོམ། ད་དུང་རི་ལྡེབས་སུ་བྲག་དང་ཤུག་པ་སོགས་ཀྱི་ནག་ཐིག་འགའ་ཕྲ་རྒྱན་དུ་བཏབ་པ་བཅས་ཀྱིས་ཚོན་མདོག་ལྡན་པའི་རི་མོ་ཞིག་གྲུབ་ལ། ང་ནི་རི་མོ་ལྟར་གྱི་ཡུལ་ལྗོངས་དེར་ལྟད་མོ་ལྟ་བར་ཤིན་ཏུ་དགའ།

འབུ་རྐོ་སྐབས་ཞོགས་པ་སྔ་པོ་ནས་རིའི་སྟེང་དུ་འགྲོ་དགོས། གནམ་གཤིས་ཧ་ཅང་གྲང་མོ་ཡོད་ནའང་། མི་མང་ཆེ་བ་ནི་འབུ་ཏོག་ཙམ་རྙེད་ཕྱིར་དུས་ཚོད་ཟིན་མ་ཐག་སྔ་པོ་ནས་ལམ་ལ་ཆས་ཀྱི་ཡོད། གལ་སྲིད་ཁ་བ་མང་པོ་བབས་ནས་ས་གཞི་ཡོངས་རྫོགས་བཏུམས་ཡོད་ཚེ་ད་གཟོད་མི་རྣམས་ཁྱིམ་དུ་བསྡད་ནས་གནམ་དྭངས་ཐག་མ་ཆོད་བར་སྒུག དེ་མ་གཏོགས་ཁ་བ་ཕྲན་བུ་བབས་པ་ཙམ་གྱིས་མི་རྣམས་ལ་བར་ཆད་ཅི་ཡང་བཟོ་མི་སྲིད།

དབྱར་རྩྭ་དགུན་འབུ་སྤུས་ཀ་ལྡན་པ་རྙེད་འདོད་ཚེ་སྤང་ངོས་དྭངས་ས་རུ་འཚོལ་དགོས། སྤང་ངོས་དྭངས་སར་སྐྱེས་པའི་འབུ་མང་ཆེ་བ་བསལ་འབུ་རེད། གླང་མའི་གསེབ་ཏུ་སྐྱེས་པའི་འབུ་ཚང་མ་འབུ་ཤ་དེ་ཙམ་མེད། ཨ་མ་ནི་གླང་གསེབ་ཏུ་འགྲོ་རྒྱུར་དགའ་མོད། གྲངས་ཀ་མང་བ་ཙམ་ལས་སྤུས་ཀ་མེད་པས་ཨ་ཕ་ནི་སྤང་ཁར་འགྲོ་བར་དགའ། གྲངས་ཀ་དེ་ཙམ་མེད་ཀྱང་སྤུས་ཀ་དང་མདོག་གཉིས་ཀ་རྩེ་གྲ་ཡོད།

རི་མགོར་འགྲོ་དུས་ཧ་ཅང་སྐྱིད་པོ་ཡོད། ང་གྲོ་ཡོས་ཟ་སྐབས་ངོས་དེ་ཙམ་གཟར་པོ་མ་ཡིན་པའི་སྤང་ངོ་ལེབ་ལེབ་ཏུ་སྡོད་རྒྱུར་དགའ། རླུང་བུ་ཅུང་ཟད་ལྡང་ནས་ངོ་གདོང་དུ་ལྡང་ཚེ། ཚ་གདུང་གིས་མནར་བའི་ལུས་ཕུང་ཧྲིལ་པོ་ཡང་བདེ་བསིལ་བསིལ་གྱི་སྣང་བས་ཁྱབ། གྲོ་ཡོས་ཟ་ཞོར་དུ་རི་ལྟད་ལྟ་ཆོག་ཅིང་ཡིད་སྤྲོ་བའི་སྐད་ཆ་སྣ་ཚོགས་བཤད་དེ་རྩེད་མཚར་ཡང་སློང་ཆོག འབུ་བརྐོ་བར་སྐྱོད་སྐབས་དཀའ་ཚེགས་དུ་མ་བརྒྱུད་དགོས་ལ། སྤྲོ་སྣང་ཡང་མི་ཉུང་བ་ཞིག་རོལ་རྒྱུ་ཡོད།

ང་འབུ་བརྐོ་ས་ནི་དབྱུག་ཕུ་ལ་ཡིན། དེ་ནི་ཤིན་ཏུ་སྐྱིད་པའི་ས་ཆ་ཞིག་སྟེ། ང་དེ་རུ་འབུ་བརྐོ་བར་འགྲོ་རྒྱུར་ཤིན་ཏུ་དགའ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明