ཉེ་ཆར། ཆབ་མདོ་གྲོང་ཨུད་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་2024ལོའི་“ཚོན་མདངས་ལྡན་པའི་གུང་གསེང་། བརྩེ་དུང་ལྡན་པའི་བྱིས་སེམས་”ཅེས་པའི་དབྱར་ཁའི་གུང་གསེང་གི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭ་ཆབ་མདོའི་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་སུ་སློབ་མཇུག་འགྲིལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭའི་དུས་ཡུན་ཉིན་12ཡིན་པ་དང་སློབ་སྦྱོང་ཟུར་ཁྲིད་དང་། བདེ་འཇགས་སློབ་གསོ། ཁྲིམས་ལུགས་དྲིལ་བསྒྲགས། ཚན་རིག་སློབ་སྦྱོང་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་ཕན་པ་ཐོབ་པའི་སློབ་མ་རིམ་རྩིས་བྱས་ན་90ལྷག་ཙམ་ཟིན་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་སྡེ་ཚོགས་ཆབ་མདོ་གྲོང་ཨུད་ཀྱིས་སློབ་མ་སྒྲིག་འཛུགས་བྱས་ནས་དུག་འགོག་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་དུག་འགོག་དྲིལ་བསྒྲགས་བརྙན་ལམ་ལ་གཟིགས་སྐོར་འཁྲིད་པ་མ་ཟད། སློབ་མ་ཚོ་སྣེ་ཁྲིད་དེ་ཆབ་མདོའི་རྟེན་རྫས་བཤམས་མཛོད་ཁང་དུ་གཙང་གསུམ་ཤེས་དཔལ་ཐིང་དང་། རྒྱལ་རབས་རྗེས་ཤུལ་ཐིང་། ཇ་རྟ་རིག་གནས་ཐིང་། རི་མོའི་སྒྱུ་རྩལ་ཐིང་བཅས་ལ་ལྟ་སྐོར་བྱེད་པར་འཁྲིད་པ་རེད། སློབ་མ་ཚོས་ཕུན་སུམ་ཚོགས་པའི་རིག་དངོས་དང་། བརྙན་ལམ། པར་རིས་ཡིག་ཆ་བཅས་ཀྱི་ཐོག་ནས་ཆབ་མདོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཉམས་སུ་མྱོང་བ་དང་གསར་བརྗེའི་མེས་པོ་ཚོའི་ཁྲག་རྒྱུན་དང་རང་སྲོག་བློས་གཏོང་གི་མི་སྐྲག་པའི་གསར་བརྗེའི་སྙིང་སྟོབས་མྱོང་ཚོར་ཐུབ་པ་དང་། ཆབས་ཅིག་སྡེ་ཚོགས་ཆབ་མདོ་གྲོང་ཨུད་ཀྱིས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ལས་དོན་མི་སྣ་གདན་འདྲེན་ཞུས་ནས་སློབ་མ་ཚོར་ཚན་རྩལ་འཚོལ་ཞིབ་དང་ཉམས་ལེན་གྱི་བྱེད་སྒོ་སྤེལ་ཏེ་3Dཔར་འདེབས་ལག་རྩལ་འགྲེམས་སྟོན་དང་དེང་རབས་ཚན་རྩལ་ལག་རྩལ་རྒྱུན་གཏན་གྱི་འཚོ་བ་དང་ལས་ཀའི་ཁྲོད་བེད་སྤྱོད་ཁྱབ་གདལ་བཏང་བ་རེད།
སློབ་མཇུག་འགྲིལ་བའི་མཛད་སྒོའི་མཇུག་ཏུ་སྡེ་ཚོགས་ཆབ་མདོ་གྲོང་ཨུད་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་ཀྱིས་སློབ་མ་ཚོར་སྨྱུག་སྒམ་དང་། སྨྱུ་གུ། ཁྲེ་ཙེ། དེབ་ཤུབས་སོགས་སློབ་སྦྱོང་གི་ཡོ་བྱད་སྣ་ཚོགས་སྤྲད་པ་རེད།
བསོད་བསྟན་གྱིས་བསྒྱུར།