ཉེ་བའི་ལོ་ནས་བཟུང་གཞོན་སྐྱེས་ཚོ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་ནས་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་མི་ཚེའི་རིན་ཐང་ངོམ་གིན་ཡོད། དུས་སྐབས་དེར་མོན་པ་རིགས་ཀྱི་གཞོན་སྐྱེས་ཚེ་རིང་དོན་གྲུབ་ཀྱི་ལང་ཚོའི་མེ་ཏོག་དེ་ངོ་མཚར་ལྡན་པའི་མེ་ཏོག་རྫོང་དུ་བཞད་པ་རེད།
2008ལོའི་སྟོན་མཇུག་ཏུ་ལོ་ན་9ལ་སོན་པའི་ཚེ་རིང་དོན་གྲུབ་མེ་ཏོག་རྫོང་ནས་ཁ་བྲལ་ཏེ་ཕྱི་རོལ་ལ་སློབ་སྦྱོང་དུ་བསྐྱོད་དེ་ལོ་དགུ་ཙམ་འདས། 2017ལོར་མཐོ་འབྲིང་ཐོན་ལ་ཉེ་དུས་རང་ཉིད་ཀྱི་མི་ཚེར་འདམ་ག་བྱེད་པའི་དུས་ལ་སླེབས་པས་གཅིག་ནི་རང་ཉིད་མུ་མཐུད་སློབ་གྲྭར་འགྲོ་བ་དང་གཞན་དེ་ནི་དམག་ནང་ཞུགས་རྒྱུ་དེ་ཡིན། ཚེ་རིང་དོན་གྲུབ་ཀྱི་ཕ་ནི་མཐའ་སྲུང་དམག་མི་ཞིག་ཡིན་ལ། ཁོང་1989ལོ་ནས་དམག་ནང་ཞུགས་ཏེ་བོད་ལྗོངས་ཉིང་ཁྲིར་མཐའ་སྲུང་ལ་ཡོང་ནས་ལོ་30ལྷག་ཙམ་འདས། ཚེ་རིང་དོན་གྲུབ་དམག་ནང་ཞུགས་མིན་ཐེ་ཚོམ་ལ་གནས་པའི་དུས་སུ་ཕ་ཡིས་རྒྱབ་སྐྱོར་ཆེན་པོ་འཐོབ་པས། རང་ཉིད་ཐེ་ཚོམ་ངང་གནས་པའི་མི་ཚེའི་འདམ་གའི་རྡོག་འཕྲེས་དེ་གཞི་ནས་ཕབ་ཐུབ་པ་བྱུང་སྟེ་བློ་ཐག་ཆོད་པོས་དམག་ནང་ཞུགས་པ་རེད།
2017ལོ་ནས་2022ལོའི་བར་ཚེ་རིང་དོན་གྲུབ་བོད་ལྗོངས་ལྷ་སའི་དྲག་ཆས་ཉེན་རྟོག་དཔུང་ཁག་ཞིག་ནང་ཞུགས་པ་ནས་བཟུང་ཕ་ཡི་བསླབ་བྱ་སེམས་ལ་བརྟེན་པོར་ངེས་ནས་ཕྱོགས་གང་ཅིར་སློབ་སྦྱོང་ཧུར་ཐག་བྱས་ཏེ་རང་ཉིད་ལ་ཡར་རྒྱས་ཆེན་པོ་བྱུང་སྟེ། དམག་དཔུང་གི་ལོ་5ཡི་རིང་ཕུལ་བྱུང་དམག་མིའི་གཟེངས་བསྟོད་མང་པོ་འཐོབ་པ་རེད།
2023ལོར་ཚེ་རིང་དོན་གྲུབ་གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕ་ཡུལ་མེ་ཏོག་དུ་ལོག་པ་དང་། དེ་རྗེས་སུ་རང་ཉིད་དམག་ཁོངས་ནས་ཕྱིར་ལོག་པའི་གྲོན་དངུལ་ཁྲི་30དེ་འཁྱེར་ནས་བྱ་གཞག་གསར་གཏོད་ཀྱི་འགོ་ཚུགས་ནས་རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་བྱ་ཤའི་རྒྱ་ཁོག་ཁང་ཞིག་གཉེར་བ་རེད།
2023ལོའི་ཟླ་4པར་ཚེ་རིང་དོན་གྲུབ་ཀྱིས་ཚོང་གཉེར་བྱེད་འགོ་ཚུགས་མ་ཐག་པའི་ཟ་ཁང་དེར་སྐུ་མགྲོན་ཉུང་ཉུང་ལས་མེད་པས་དེ་ནི་ཁོང་གི་ངོས་ནས་བརྗོད་ན་རྡུང་རྡེག་ཆེན་པོ་ཞིག་ཡིན་ཡང་། ཁོང་གིས་ཡིད་ཐང་མ་ཆད་པར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཚོང་གཉེར་གྱི་རྒྱབ་ལྗོངས་གང་ཡང་མེད་པའི་ཚེ་རིང་དོན་གྲུབ་ཀྱིས་བསྒྲགས་ཡིག་བཀྲམ་པའི་ཐབས་ཤེས་རྙིང་པ་ཞིག་སྤྱད་པས། ཡུལ་སྐོར་བ་མང་བའི་ཤིང་ཏོག་རྫིང་བུ་དེ་ཁོང་གི“དྲིལ་བསྒྲགས་ས་ཚིགས”སུ་གྱུར། ཟླ་བ་བཞི་ཏག་ཏག་རིང་ཁོང་གིས་གོ་གོ་ཐང་དུ་རང་ཉིད་ཀྱི་ཟ་ཁང་ཕྱིར་ཚོང་བྱེད་པ་དང་ཞོར་དུ་ཡུལ་སྐོར་བར་རིན་མེད་དངོས་པོ་འཁྱེར་རོགས་བྱས་པས་ཡུལ་སྐོར་བ་ཁག་གཅིག་གིས་ཁོང་གི་བབ་ཆགས་ཀྱི་ངར་ཤུགས་དེ་ལས་ཟ་ཁང་དུ་སོང་ནས་ཟ་མ་གསར་བ་བྲོ་བ་མྱོང་འགོ་བརྩམས། ཚེ་རིང་དོན་གྲུབ་ཀྱིས་ཀྱང་ཁོང་ཚོ་བློ་ཕམ་དུ་བཅུག་མེད་དེ། ཟ་ཁང་ལ་ཚོང་གཉེར་གྱི་གཡོ་ཐབས་གང་ཡང་མེད་པར་བྲོ་བ་ཞིམ་པོ་དང་། རྒྱུ་ཆ་སྤུས་དག རིན་གོང་མི་དམངས་ལ་འཚམས་པས་ཟ་མ་ཟ་མཁན་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།
ཕ་ཡུལ་འཕེལ་རྒྱས་གཏོང་རྒྱུ་ནི་ཁོང་གི་མཐར་ཐུག་གི་ཕུགས་འདུན་ཡིན་པས་ཟ་ཁང་ལ་ཚོང་ཡག་པོ་བྱུང་བ་དེས་ཚེ་རིང་དོན་གྲུབ་ཀྱི་ཐོག་མའི་ཁ་ཕྱོགས་བརླག་མེད་པར། 2024ལོའི་ལོ་སྟོད་དུ་ཚེ་རིང་དོན་གྲུབ་ཀྱིས་སྨྱན་སྦྱོར་ལ་བརྟེན་ནས་ཕ་ཡུལ་གྱི་ཁྱད་ཆོས་དྲིལ་བསྒྲགས་བྱེད་འགོ་ཚུགས་པ་རེད། ཚེ་རིང་དོན་གྲུབ་ཀྱིས་རང་གིས་གྲོན་དངུལ་བཏང་ནས་པར་ལེན་སྒྲིག་ཆས་ཉོས་ཏེ་ཡར་ཀླུང་གཙང་པོའི་འགྲམ་གྱི་ངོ་མཚར་ཅན་གྱི་ཡུལ་ལྗོངས་སྣ་ཚོགས་པར་ལེན་དང་། བརྙན་ཐུང་དང་ཐད་གཏོང་སོགས་ལ་བརྟེན་ནས་ཕྱོགས་གང་ཅིའི་ཐད་ནས་མེ་ཏོག་གི་ཁྱད་ལྡན་མཛེས་སྡུག་ཕྱི་ཕྱོགས་ལ་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད་པས། རིམ་བཞིན་ཁོང་གི་ཐད་གཏོང་ནང་གཉེན་ཉེ་དང་གྲོགས་པོ་ཁྲི་ལྷག་ཙམ་འཛུལ་ཡོང་ནས་ཕྱི་ཕྱོགས་ཀྱིས་མེ་ཏོག་ལ་རྒྱུས་མངའ་ལེན་ཚད་ཆེ་རུ་ཕྱིན་པ་རེད།
ད་ཆ་ཚེ་རིང་དོན་གྲུབ་ཀྱི་ཟ་ཁང་དེས་མེ་ཏོག་རྫོང་གི་མི4ལ་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས་པ་མ་ཟད། སྨྱན་སྦྱོར་གྱི་འཁོར་སྐྱོད་འོག་མི་དེ་བས་མང་བས་མེ་ཏོག་དང་མོན་པ་རིགས་ཀྱི་རིག་གནས་ཤེས་རྟོགས་ཐུབ་པ་བྱུང་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གྲོང་གསེབ་དར་རྒྱས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་གནས་ཐོག་འཕེལ་རྒྱས་གཏོང་རྒྱུར་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉེ་བའི་ལོ་ཤས་རིང་མེ་ཏོག་གི་གཞོན་ནུ་ཚོས་ཚེ་རིང་དོན་གྲུབ་དང་འདྲ་བར་མཐའ་འཁྱོངས་དང་། ཆེད་ལས། དགའ་ཞེན་བཅས་ཀྱི་ཐོག་ནས་ཕ་ཡུལ་དུ་འདེབས་འཛུགས་གསོ་སྤེལ་ལས་རིགས་དང་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བ། ཁེ་ལས་ཆུང་གྲས་གཉེར་བ། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བཅས་བྱེད་ཀྱི་ཡོད།
“ཤེས་ལྡན་མི་སྣ་ཕྱིར་ལོག་ཚེ་གཞི་ནས་གྲོང་གསེབ་ལ་སྐྱེ་སྟོབས་ལྡན་པ་དང་་དེ་བས་ཀྱང་གཞོན་ནུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་རླབས་ཆེན་གཏམ་རྒྱུད་དེའི་ལེའུ་གསར་པ་ཞིག་རེད”ཅེས་ཚེ་རིང་དོན་གྲུབ་ཀྱིས་བཤད།
བསོད་བསྟན་གྱིས་བསྒྱུར།