ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་གཏོང་སྤྲོད་ཞབས་ཞུ་སྔར་ལས་ལེགས་སུ་གཏོང་བ་དང་གཏོང་སྤྲོད་སྟབས་བདེ་རང་བཞིན་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ནས་ མཁོ་སྤྲོད་སྣ་མང་དང་སྤུས་ལེགས། སྟབས་བདེ་བཅས་ཀྱི་གཏོང་སྤྲོད་ཞབས་ཞུ་མཁོ་འདོན་བྱས་ནས་རྒན་རྒོན་དང་ཕྱི་རྒྱལ་ནས་བོད་དུ་ཡོང་མཁན་སོགས་ཚོགས་སྤྱིའི་སྣ་མང་ཅན་གྱི་གཏོང་སྤྲོད་ཞབས་ཞུའི་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཨུ་ཡོན། ཧང་ཀྲང་གཞོན་པ་ཡའོ་ཀྲུང་ཡུས་ཀྱིས་རང་ལྗོངས་ཀྱིས“བཟའ་བཅའ་དང་སྡོད་གནས། འགྲིམ་འགྲུལ། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད། སྨན་བཅོས་”བཅས་ཕྱོགས་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བས་གཏོང་སྤྲོད་རྣམ་པ་མང་བར་དམིགས་ནས་ཁག་དང་པོའི་ཕྱི་རོལ་གཱ་བདག་སྤྲོད་བྱེད་པའི་གཙོ་གནད་ཚོང་དུད་ཀྱི་མིང་ཐོ་གཏན་འཁེལ་བྱས་ཏེ་དམིགས་ཚད་ཚོང་དུད་ཀྱིས་ཕྱི་རོལ་གཱ་བདག་སྤྲོད་བྱེད་པའི་ནུས་པ་ཤར་གཏོང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་ལྗོངས་ཡོངས་སུ་གཙོ་གནད་ཚོང་དུད་1392ཀྱི་ཕྱི་རྒྱལ་དངུལ་ཁང་གཱ་བདག་སྤྲོད་སྒྲིག་ཆས་སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་གཙོ་གནད་ཚོང་དུད་ཀྱི་ཕྱི་རྒྱལ་དངུལ་ཁང་གཱ་བདག་སྤྲོད་ཁྱབ་ཚད་100%ཟིན་པ་དེ་འདི་ལོའི་ལོ་འགོ་ལས་བརྒྱ་ཆའི་གྲངས་84ཙམ་མཐོ་རུ་ཕྱིན་པ་དང་ཕྱི་རྒྱལ་གཱ་བདག་སྤྲོད་མཚོན་རྟགས་དུད་ཚང་1367སྦྱར་ནས་ལེགས་གྲུབ་བྱུང་ཚད་98.2%ཟིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལག་ཐོག་དངུལ་དམར་སྤྱོད་པའི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཆེད། རང་ལྗོངས་ཀྱིས་ཚད་ལྡན་ཅན་གྱི“དངུལ་སིལ་ཁུག་མ་”(དངུལ་ཐང་སྒོར་20དང་། སྒོར10 སྒོར5 སྒོར1བཅས་ལས་གྲུབ་པའི་དངུལ་གྲངས་སྒོར་200དང་སྒོར300 སྒོར་500བཅས་ཡིན་པའི་“དངུལ་སིལ་ཁུག་མ”རིགས་གསུམ་བཏོན་པ་དེ་གཙོ་བོ་དངུལ་སིལ་ཁུག་མར་དགོས་མཁོ་ཡོད་པའི་འཛད་སྤྱོད་པར་དམིགས་པ)དང་དེ་བཞིན་མངགས་བཟོ་ཅན་གྱི“དངུལ་ཁུག་སིལ་ལ་དམིགས་བསལ་གྱི་དགོས་མཁོ་ཡོད་པའི་དམིགས་བསལ་སྤྱོད་མཁན་ལ་སྤྱོད་རྒྱུ)ཞབས་ཞུ་བཏོན་པ་རེད། ཕྱི་རྒྱལ་གྱི་དངུལ་ལོར་བརྗེ་བའི་སྒྲིག་གཞིའི་གྲངས་འབོར་དང་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱིས་ཕྱི་རྒྱལ་གྱི་དངུལ་ལོར་བརྗེ་བའི་དངུལ་ཁང་གི་དྲ་ཚིགས་53དང་ཕྱི་རྒྱལ་གྱི་དངུལ་ལོར་བརྗེ་བའི་ལས་ཁུངས་8ལ་རྒྱབ་སྐྱོར་བྱས་ཡོད། དེའི་ནང་དངུལ་ཁང་གི་དྲ་ཚིགས་ཁྱབ་ཁོངས་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་7དང་། སྐྱིད་རོང་དང་སྤུ་ཧྲེང་། གྲོ་མོ་སོགས་འགག་སྒོ་གཙོ་བོ་3དང་དེ་བཞིན་གོང་དཀར་གནམ་ཐང་བཅས་ཡིན་པ་རེད། ཚབ་བརྗེ་བའི་ས་ཚིགས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་སུ་ཁྱབ་ཡོད།
གཞན་ཡང་ལོ་ན་ཅུང་ཆེ་བ་དང་འགུལ་སྐྱོད་སྟབས་བདེ་མིན་པའི་རྒན་རྒོན་ལ་དམིགས་ཏེ་སྒོ་རྩར་ཞབས་ཞུ་དང་རྒྱང་ཁྲིད་བརྙན་ལམ་སོགས་བདེ་འཇགས་དང་སྟབས་བདེ་བའི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་བྱེད་སྒོ་གཉེར་གྱི་ཡོད་པ་རེད། དངུལ་ཁང་གི་དྲ་ཚིགས་སུ་མིག་ཤེལ་དང་། རྐུབ་སྟེགས་འཁོར་ལོ་ཅན་། སྨན་བཅོས་སྒམ། ཁྲག་ཤེད་ཡོ་བྱད་སོགས་རྒན་རྒོན་ལ་རོགས་སྐྱོར་བྱེད་པའི་དངོས་རྫས་མཁོ་འདོན་བྱས་པ་དང་། རྒན་རྒོན་ལ་ཞབས་འདེགས་ཞུ་བའི་སྒེའུ་ཁུང་དང་ཚོང་སྒྲོམ་གྱི་རྒན་རྒོན་ལ་བརྩི་བཀུར་བྱེད་པའི་ཞབས་ཞུའི་དུས་མཚམས་སོགས་རྒན་རྒོན་ལ་འཚམ་པ་དང་བོད་ལ་འཚམ་པའི་སྟབས་བདེའི་བྱེད་ཐབས་བཀོད་སྒྲིག་བྱས་ནས་དངུལ་ཁང་གི་དྲ་ཚིགས་ཀྱི“ཡིད་ལ་མགུ་བའི”གཏོང་སྤྲོད་ཁོར་ཡུག་མངོན་འགྱུར་བྱུང་ཡོད།
ཚེ་རིང་ཐར་གྱིས་བསྒྱུར།