གཟི་བརྗིད་ལ་གུས་འདུད་ཞུས་ནས་མུ་མཐུད་མདུན་སྐྱོད་བྱེད།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བར་རྟེན་འབྲེལ་ཞུ་བ་དང་ཏང་འཛུགས་པའི་རླབས་པོ་ཆེ་སྙིང་སྟོབས་དར་སྤེལ་གཏོང་བ། ཞིང་འབྲོག་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལ་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་ཏུ་སྤེལ་བ་བཅས་ཀྱི་ཆེད་དུ་ཟླ་7ཚེས་1ཉིན་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ནག་ཆུ་གྲོང་ཁྱེར་ཤན་ཙ་རྫོང་ཤན་ཙ་གྲོང་རྡལ་གྱི་རིན་ན་མདོ་གྲོང་ཚོར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཏང་ཡོན་ཡོངས་ཀྱིས་དུས་ཆེན་གྱི་གྱོན་ཆས་གཟབ་རྒྱས་གྱོན་ནས། བརྗིད་ཉམས་ལྡན་པའི་ངང་ཏང་དར་མདུན་དུ་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་གྱིས་ཏང་ནང་ཞུགས་པའི་ཆོད་སེམས་བརྟན་དུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དེ་གོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་ཀྲུང་གོ་ཞིང་ལས་དངུལ་ཁང་ཤན་ཙ་རྫོང་ཉིང་ལག་དངུལ་ཁང་དབར་གྲོང་མིའི་མཚན་སྙན་དང་དངུལ་བུན་གྱི་དགོས་མཁོ་སོགས་དངུལ་རྩའི་ཞབས་ཞུའི་ཐད་འབྲེལ་གཏུག་དང་འབྲེལ་མཐུད་ཐེངས་མང་བྱས་པ་རེད། བདུན་གཅིག་ཏང་འཛུགས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་རིན་ན་མདོ་གྲོང་ཚོ་དེ“རྡོ་རྗེ་ཕ་ལམ་གཱ་གྲོང་ཚོར”བདམས་པ་དང་། གཱ་དེས་གྲོང་ཚོ་ཡོངས་ལ་གཏའ་མ་མེད་པ་དང་ཁག་ཐེག་མེད་པའི་དངུལ་བུན་སྒོར་ཁྲི་705ནས་1410བར་(ཁྱིམ་ཚང་རེར་སྒོར་ཁྲི་15ནས་ཁྲི་30བར་དངུལ་བུན་གཏོང་ཐུབ)བཏང་བས་སླད་ཕྱིན་གྲོང་མིའི་ཁང་པ་གསར་སྐྲུན་དང་། ཚོང་གཉེར་ལས་གཏོད་སོགས་ཀྱི་མ་དངུལ་དགོས་མཁོར་སྟབས་བདེ་མང་པོ་བསྐྲུན་ཡོད་པས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་དང་བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ནས། གྲོང་ཚོའི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་འབྲངས་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད།
གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་ཀ་ལ་ནུབ་གྲོང་ཚོར་དུ་བཅའ་སྡོད་བྱེད་བཞིན་པའི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས་ཤང་ནང་ཁུལ་གྱི་སྲིད་འཛིན་གྲོང་ཚོ་བཞི་དང་དེ་བཞིན་ཤང་འཕྲོད་བསྟེན་ཁང་། ཀ་ལ་མཐའ་མཚམས་མངགས་གཏོང་ཁང་སོགས་ཚན་པ་ཁག་དང་མཉམ་དུ་ཀ་ལ་ཤང་ལྟེ་གནས་སློབ་ཆུང་དུ་རྒྱལ་ཁབ་ཀྱི་སྤྱི་སྐད་ཐོག་ནས་གཏམ་བཤད་འགྲན་བསྡུར་དང་རིག་རྩལ་མཉམ་འདུས་འཁྲབ་སྟོན་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
《ལ་གཞས་བཏང་ནས་ཏང་ལ་བསྟོད》《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》རྒྱུས་ལོན་ཡོད་པའི་འགྱུར་ཁུག་རེ་རེ་བཞིན་བླངས་ཤིང་། རྒྱ་ཆེའི་ཏང་ཡོན་གྱིས་བརྩེ་སེམས་ཟབ་མོ་ལྡན་པའི་གླུ་སྒྲས་ཐུན་མོང་ཐོག་ཏང་གི་འབད་འཐབ་བརྒྱུད་རིམ་ལ་ཕྱིར་མིག་བལྟས་པ་དང་། ཏང་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་མཚོན་པ། བརྩེ་སེམས་ཟབ་པའི་འགྱུར་ཁུག་ལ་བརྟེན་ནས་ཏང་ལ་སྨོན་འདུན་ཟབ་མོ་ཞུས་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐུན་མོང་ཐོག་ཏང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།
བྱེད་སྒོ་མཇུག་འགྲིལ་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཀྲི་པུའུ་ཡི་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་བྱམས་བརྩེའི་ངང་འཚམས་འདྲི་ཞུས་པ་མ་ཟད་འཚམས་འདྲིའི་དངོས་རྫས་ཀྱང་སྤྲད་པ་རེད།
གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་གྲུང་གྲོང་ཚོར་བཅའ་སྡོད་བྱེད་བཞིན་པའི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ལས་དོན་རུ་ཁག་དང་གྲུང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཡོངས་ཀྱིས་མཉམ་དུ་སྐྱེས་སྐར་གྱི་གླུ་དབྱངས་བླངས་ནས་ཏང་གི་སྐྱེས་སྐར་ལ་ཐུན་མོང་ཐོག་སྨོན་འདུན་ཞུས་པ་རེད།
གྲུང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨང་དང་པོ་དང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ལས་དོན་རུ་ཁག་གི་རུ་དཔོན་སྐལ་བཟང་དབང་འདུས་ཀྱིས་“འདུ་ཤེས་གསུམ་གྱི་སློབ་གསོ་ནི་ཀྲུང་གོའི་སྤྱི་དམངས་ཚང་མར་འཛོམས་དགོས་པའི་གཞི་རྩའི་བྱང་ཚད་ཅིག་ཡིན་པ་མ་ཟད། བོད་ཀྱི་ཞིང་འབྲོག་ཁུལ་ཞི་མཐུན་འཕེལ་རྒྱས་དང་དར་རྒྱས་བརྟན་ལྷིང་ཡོང་བའི་རྨང་གཞི་ཡང་ཡིན”ཞེས་པའི་བརྗོད་དོན་གཙོ་བོར་བྱས་ནས་མིག་སྔའི་དུས་བབ་གྱི་ལས་འགན་དང་། དུས་རབས་གསར་པའི་རླབས་ཆེ་བའི་གྲུབ་འབྲས། འོད་ཟེར་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་སོགས་ཀྱི་ཐད་ནས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལ་གསོན་ཉམས་ལྡན་པའི་ཏང་གི་སློབ་ཁྲིད་ཅིག་གནང་བ་དང་། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས་པའི་ཁྲིད་སྟོན་གནང་བ་རེད།
ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོ་ཞིང་། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་ཡོད། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་བའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་འབད་བརྩོན་དང་ཡུན་རིང་བྱས་རྗེས་འཇོག་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།