西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །འདས་ཟིན་པའི་སློབ་འབྲིང་གི་འཚོ་བ། ༄༅། །ཕུགས་བསམ་དང་ལག་ལེན། ༄༅། །གྲོགས་དང་འགྲོགས་པའི་སྤྲོ་སྣང་།

放大 缩小 默认

༄༅། །འདས་ཟིན་པའི་སློབ་འབྲིང་གི་འཚོ་བ།

□ 作者 བསྟན་འཛིན་འཛོམས་པ།

ཡིད་ཆེས་དང་རེ་བས་ཁེངས་པའི་དུས་མ་འོངས་པ། མཛེས་སྡུག་ལྡན་ཞིང་ཡིད་དུ་འོང་བའི་དུས་འདས་པ། རང་ཉིད་ལ་དབང་བའི་ཆེས་རིན་བྲལ་གྱི་རྩ་ཆེན་ནོར་བུ་ནི་དུས་ད་ལྟ་བ་ཡིན།

དུས་ཚོད་ཀྱི་འཁོར་ལོ་བར་མེད་དུ་འཁོར་བ་ན་ང་ཡང་དུས་ཀྱི་གོམ་འགྲོས་དང་བསྟུན་ནས་མཐོ་འབྲིང་གི་འཚོ་བར་རོལ། ཡིན་ནའང་འདས་ཟིན་པའི་སློབ་འབྲིང་གི་འཚོ་བས་ངའི་མི་ཚེའི་ལམ་བུའི་ཁྲོད་བག་ཆགས་ཟབ་མོ་ཞིག་བཞག ང་ཚོ་དགེ་རྒན་གཅིག་གི་སློབ་མར་གྱུར་བའི་ཉིན་དེ་ནས་བཟུང་ཕུགས་འདུན་གྱི་དམིགས་བྱ་གཅིག་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་གྱིས་བརྩོན་འགྲུས་རྟ་ཕོ་ལྕག་གིས་སྐུལ་ཏེ་ཤེས་བྱའི་ཐང་ཆེན་དུ་རྟ་རྩལ་ངོམ་བཞིན་ཡོད། ག་དུས་ཡིན་ཡང་བདག་གི་དགའ་མོས་ཀྱི་རེ་བ་བཅོལ་ས་དང་བདེ་སྡུག་གི་མཆི་མ་རེ་རེ་ལྷུང་མྱོང་བའི་སློབ་འབྲིང་གི་འཚོ་བ་དེ་ནི་ངའི་མི་ཚེ་ཧྲིལ་པོ་དེའི་ཆ་ཤས་ཤིག་ཏུ་གྱུར། རྒན་ལགས་ཁོང་ནི་ཤེས་རིག་གིས་ཕྱུག་པའི་སློབ་དཔོན་དམ་པ། ང་ནི་དེ་ལ་འཁྱུད་པའི་རྐང་དྲུག་བུང་བ། དེར་བརྟེན་ང་ཚོའི་བར་འོ་ཆུ་གཅིག་འདྲེས་ཀྱི་ལྷད་མེད་བརྩེ་དུང་ཞིག་རང་བཞིན་ངང་གྲུབ། སློབ་འབྲིང་ལོ་གསུམ་གྱི་འཚོ་བ་དེའི་ཁྲོད་ང་ཚོ་མཉམ་དུ་དགའ་མྱོང་ལ་ངུ་མྱོང་། ཡིན་ནའང་ང་ཚོ་མཐུན་སྒྲིལ་གྱི་སེམས་ཤུགས་ལྡན་པས་དོན་དག་ཅི་ཞིག་ཡིན་ཡང་ང་ཚོ་ཕམ་མི་མྱོང་། སློབ་འབྲིང་གི་འཛིན་བདག་ཁོང་ནི་འགན་འཁུར་ཆེ་ཞིང་སློབ་ཕྲུག་ལ་བྱམས་བརྩེ་ལྡན་པ་ཞིག་ཡིན། ཁོང་ཡོད་པའི་རྐྱེན་གྱིས་ང་ཚོའི་སྦྱངས་འབྲས་ནི་གཡུར་དུ་ཟ་བ་ཞིག་ཡིན་པ་སྨོས་མེད་རེད། ཁོང་གིས་གནང་བའི་ལྷད་མེད་ཀྱི་བརྩེ་སེམས་དེ་དགུང་ཨ་སྔོན་ཉི་མ་དང་འདྲ་བར་དུས་ནམ་ཡང་ང་ཚོར་འཕྲོ། ཁོང་གིས་ང་ཚོར་བསྐྱོན་པའི་བསླབ་བྱ་ནི་བྲག་ལ་བཏབ་པའི་ཕུར་པ་བཞིན་ང་ཚོའི་སེམས་ནས་བརྗེད་ཐབས་བྲལ། ཁོང་ཡོད་པས་ང་ཚོའི་སློབ་འབྲིང་གི་འཚོ་བ་དེ་བས་མཛེས་སྡུག་ལྡན། དགེ་བའི་བཤེས་གཉེན་མཆོག ད་ཆ་ཁྱེད་ཀྱི་སོ་དཀར་གྱི་ལང་ཚོ་རིམ་གྱིས་ཡལ་ཞིང་སྐྲ་དཀར་གྱི་ཕོ་ཉ་མྱུར་དུ་སླེབས། དཔྲལ་བར་དོ་མི་སྙོམས་པའི་གཉེར་མ་ཆུ་ཡི་རླབས་རིས་ལྟར་བསྒྲིགས་ཡོད་པ་དེ་ནི་ཁྱེད་ཀྱིས་སློབ་གསོའི་བྱ་གཞག་ལ་ལྷག་བསམ་གྱི་ལེགས་སྐྱེས་ཕུལ་བའི་དཔང་རྟགས་དང་། ང་ཚོ་རྗེས་རབས་པ་ཡོངས་ལ་མདུན་སྐྱོད་བྱེད་པར་སྐུལ་བའི་རྡོ་རིང་བཞེངས་པ་དང་འདྲ། སོས་ཀའི་བསིལ་རླུང་འཇམ་པོའི་ཁྲོད་སྐྱེ་དངོས་ཁྲི་ཕྲག་མྱུ་གུ་འབུས་དང་འབུས་བཞིན་པའི་སྔོ་ལྗང་དེ་དག་ནི་ཁྱེད་ཀྱིས་ང་དང་ང་འདྲ་བའི་སློབ་མ་རྣམས་ཤེས་བྱའི་རྒྱ་མཚོར་འཁྲིད་བཞིན་པ་དང་གཉིས་སུ་མ་མཆིས། སློབ་གྲྭའི་ནང་བྱེད་སྒོ་གང་འདྲ་ཞིག་སྤེལ་ཡང་སློབ་གྲོགས་རྣམས་མཐུན་སྒྲིལ་ཟབ་པས་ང་ཚོའི་འཛིན་གྲྭར་བྱ་དགའ་མི་རག་པ་བྱེད་མི་མྱོང་ལ་མང་ཆེ་བ་བྱ་དགའ་རིམ་པ་དང་པོ་ཡིན། མཛེས་སྡུག་ཡིད་དུ་འོང་བའི་སློབ་གྲྭ་དེ་འདྲ་ཞིག་གི་ནང་དུ་བློ་དཀར་སེམས་དཀར་གྱི་སློབ་གྲོགས་དང་མཉམ་དུ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་མ་ཟད། ཡོན་ཏན་ཕུན་སུམ་ཚོགས་པའི་དགེ་བའི་བཤེས་གཉེན་གྱི་བཀའ་སློབ་ཉན་རྒྱུ་བྱུང་བ་དེ་ང་རང་གི་ཚེ་སྔོན་བསགས་པའི་ལས་དབང་བཟང་པོ་རེད་སྙམ་གྱི་འདུག

ལྷན་འཛོམས་ཀྱི་དགོད་སྒྲ་ཡོད་ན་གྱེས་བྲལ་གྱི་སྐྱིད་སྡུག་ཡོད་པ་འཇིག་རྟེན་གྱི་ཆོས་ཉིད་རེད། ཡིན་ནའང་ང་ཚོ་ཁ་གྱེས་པའི་ཉིན་དེ་ནས་བཟུང་ངའི་ན་མཉམ་གྱི་སློབ་གྲོགས་ཚོ་མིག་ཆུ་རང་དབང་མེད་པར་ཤོར་ནས་ང་ཚོའི་འདས་སོང་གི་སྙིང་གཏམ་ལ་རྫོགས་མཐའ་མེད། ཡིན་ནའང་ང་ཚོ་མ་གཞི་སློབ་གྲྭ་ཐོན་ཟིན་ཡང་ཁ་པར་ནང་དུས་ཚོད་ངེས་གཏན་མེད་པར་རྒན་ལགས་དང་མཉམ་དུ་འབྲེལ་བ་ཡང་ཡང་བྱེད་བཞིན་ཡོད། ངའི་དགའ་གུས་འོས་པའི་རྒན་ལགས་དང་ངའི་མཛའ་བརྩེ་དང་ལྡན་པའི་སློབ་གྲོགས་ཚོ། ང་ནི་ཁྱེད་རྣམས་དྲན་བཞིན་ཡོད་དོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༨)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明