西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སློང་མོ་བ། ༄༅། །ལམ་སྟོན་གྱི་སྒྲོན་མེ། ༄༅། །དོན་སྙིང་ལྡན་པའི་བྱ་བ་ཞིག

放大 缩小 默认

༄༅། །སློང་མོ་བ།

□ 作者 ཚེ་རིང་ཆོས་སྒྲོན།

དྲིན་ཆེན་མ་ཡུམ་གྱིས་ང་ལ་མི་ལུས་རིན་ཆེན་སྦྱིན་པ་མ་ཟད་བསམ་པའི་འཇིག་རྟེན་འཚོལ་སའི་སློབ་གྲྭར་བསྐྱལ་བྱུང་། ཤེས་རབ་ཀྱི་སྤྱན་མིག་ལྡན་པའི་མཁས་མཆོག་དམ་པ་མང་པོའི་ལོ་མང་སྙིང་རུས་ཀྱི་བདུད་རྩི་དགེ་བའི་བཤེས་གཉེན་གྱིས་ཞིབ་པར་བཟོས་ནས་གངས་དཀར་སེམས་སུ་འཇུག

རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤེས་བྱའི་སྒོ་མོ་འཛུལ་སྐབས། ངའི་སེམས་པ་ནི་སྲབ་ཐག་མེད་པའི་རྐྱང་མཐའ་ཡས་པའི་སྤང་ཐང་དུ་བང་གིས་རྒྱུག་པ་དང་གཉིས་སུ་མེད། ལས་དང་པོ་བ་ཞིག་གི་ངོས་ནས་བཤད་ན། མིག་མདུན་ལ་བཅོས་དཀའ་བའི་ཉོག་ནད་མང་བས་སྣེ་འཁྲིད་མཁན་ཞིག་དགོས། ཁོང་གིས་ང་ལ་བླ་མེད་ཀྱི་ཤེས་ཡོན་དང་ཐབས་ཤེས་སློབ་པ་དང་། ང་ནི་ཁོང་གི་རྒྱབ་ཏུ་ཡོད་པའི་ཆེས་ལྷག་བསམ་ཟོལ་མེད་ཀྱི་སློང་མོ་བ་ཡིན། ཕ་མ་རྣམས་ཀྱིས་རང་ཉིད་ཀྱིས་བསགས་པའི་རྒྱུ་ནོར་དག་ཕངས་མེད་དུ་གཅེས་ཕྲུག་ཚོ་ཤེས་བྱ་འཐོབ་པའི་ལམ་ལ་བཏང་། དུས་དེ་ནས་ཤེས་བྱ་སློང་མོ་བ་ཞིག་གིས་སྙིང་སྟོབས་དང་ཡིད་ཆེས་ཆེན་པོས་ལང་ཚོའི་འཚོ་བ་གསར་པ་ཞིག་བཞེངས་སྐྲུན་བྱེད་པའི་འགོ་བཙུགས། ཤེས་ཡོན་གྱི་གསོ་སྐྱོང་འོག་ང་ཚོའི་ཤེས་རབ་ཉིན་བཞིན་འཚར་ལོངས་བྱུང་། ལོ་ཟླ་ཆུ་བོའི་རྒྱུན་དང་ལྷན་དུ་བཞུར། སློབ་གྲྭའི་འཚོ་བ་ནི་དབྱངས་གསལ་ལས་བྱུང་བའི་རོལ་དབྱངས་ཀྱི་རྒྱ་མཚོ་ཞིག་དང་མཚུངས། བྱིས་དུས་བློ་བདེ་བག་ཕེབས་ཀྱི་འཚོ་བ་ནི་གཡའ་དག་པའི་རྨི་ལམ་གྱི་ཞིང་ཁམས་དང་གཉིས་སུ་མེད། ལོ་མང་ནང་བཤེས་གཉེན་དམ་པ་དག་གིས་བྱམས་བརྩེའི་དྲོད་ཁོལ་འོག་ངའི་བསམ་པའི་འཁྱེར་སོར་ཡར་རྒྱས་ཆེན་པོ་བྱུང་ཡོད། རང་ཉིད་ཀྱི་མ་འོངས་པའི་ཕུགས་འདུན་སེམས་སུ་ཉར་ནས་སློབ་གཉེར་བྱེད་པ་ནི་ཤེས་བྱའི་སློང་མོ་བ་ཞིག་གིས་ཤེས་བྱ་སྦྱང་བརྩོན་བྱེད་པའི་ཐོག་མའི་དམིགས་ཡུལ་ཡིན། འཇིག་རྟེན་གྱི་དངོས་པོ་མང་པོ་ངའི་ངོས་ནས་བཤད་ན། དེ་འདྲའི་ཡ་མཚན་པ་དང་དགོད་བྲོ་བ་ཞིག་ཡིན། གོམ་འགྲོས་སྦྱངས་པ་ཡང་བྱིས་པ་གཅིག་སྤྱི་ཚོགས་ཀྱི་འགྲོ་ལུགས་དང་མཐུན་པའི་ཆེད་དུ་ཡིན། ང་ཚོ་འཇིག་རྟེན་འདིར་ཐོག་མར་སླེབས་སྐབས་གང་ཡང་མ་ཤེས། མཐའ་མ་ཚེ་སྲོག་རྫོགས་པའི་སྐབས་ཀྱང་ལེགས་ཆ་ཀུན་འཛོམས་མིན། ཐོག་མའི་ཟ་ལུགས་འགྲོ་ལུགས་སྦྱངས་པ་ནས་ནར་སོན་རྗེས་གཏིང་ཟབ་པོའི་དཀའ་གནད་ཀྱི་དྲི་གཞི་དང་འགྲན་རྩོད་བྱེད་པ། ལས་ཀར་ཞུགས་རྗེས་མི་ཕན་ཚུན་གྱི་འགྲོ་ལུགས་རིམ་བཞིན་རྟོགས་པ། དེ་ལྟར་ང་ཚོ་ནི་ཚེ་གང་སློབ་སྦྱོང་བྱེད་པའི་སློང་མོ་བ་ཞིག་ཡིན། དེ་ལྟར་ན། ངའི་མདུན་གྱི་ལམ་བུ་ད་དུང་རིང་པོ་ཡོད། ཡིན་ནའང་དུས་ཚོད་ནི་རླུང་དམར་འཚུབ་པ་ལྟར་གང་ནས་སླེབས་པ་མི་ཤེས་ལ་གང་དུ་ཆས་པའང་མི་ཚོར། ང་ཡང་དུས་ཚོད་དང་བྲལ་ནས་ཡོང་བའམ་ཡང་ཕར་དུས་ཚོད་རྗེས་སྙེག་གཏོང་བ་མི་ཤེས། ད་ལྟ་ང་ནི་ཤེས་བྱའི་སློང་མོ་བ་ཞིག་ཡིན། ངའི་ཁུར་པོ་ཤིན་ཏུ་ལྗིད། དེའི་ནང་དུ་རྒན་ལགས་དང་ཕ་མའི་བཀའ་སློབ་དང་བཅངས་པའི་རེ་བ། གྲོགས་པོ་དང་བཞག་པའི་དམ་བཅའ་བཅས་ཡོད་པ་དེ་ནི་ངའི་ལམ་བུའི་ཐོག་གི་སེམས་ཤུགས་ཀྱི་རྒྱུ་ཆ་ཡིན། ཤེས་བྱ་སློང་མོ་བ་དག་གིས་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཕྲན་དེ་ངས་སྡུག་རུས་བྱེད་མི་ཐུབ་པ་གང་ཡང་མེད། ཐ་ན་ངས་དེ་ལས་ལེགས་པ་བྱེད་ཐུབ། ལམ་བུ་དེ་ནི་རང་ཉིད་ལ་དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་ཞིག་དང་ཕ་མ་ལ་དྲིན་ལན་འཇལ་བའི་གོ་སྐབས་ཤིག་ཏུ་བཟུང་ནས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ནས་ཤེས་བྱའི་ཐང་ཆེན་དུ་འགྲོ།

ད་ལྟ་ང་ནི་སློབ་མ་ཞིག་རེད། མ་འོངས་པར་ང་ནི་སྤྱི་ཚོགས་འཛུགས་སྐྲུན་བྱེད་མཁན་ཞིག་ཡིན། ལོ་མང་ནང་གཞན་གྱི་ཆ་རྐྱེན་ལོངས་སྤྱོད་བྱས་ནས་འཚར་ལོངས་བྱུང་བའི་ཤེས་བྱའི་སློང་མོ་བ་ང་ཚོའི་རེ་འདུན་གསོན་པོ་དེ་ལེགས་གྲུབ་མ་བྱུང་ན། མི་ཡུལ་གྱི་འཚོ་བའི་ཁ་དོག་ཡལ་འགྲོ། དུས་རབས་ཀྱི་རྒྱུད་ལམ་ནས་ཤེས་བྱའི་སློང་མོ་བ་དག་གིས་ཕ་ཡུལ་ལ་སྦྱིན་པར་འདོད་པའི་འཚོ་བ་གསར་པ་དེ་ནམ་ཞིག་རི་ལུང་ཀུན་ཏུ་མངོན་སྲིད་དོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༦)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明