西藏青年报藏文版གལ་ཆེའི་གསར་འགྱུར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཏང་ཡོན་ལས་བྱེད་པས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་པ་ཧུར་ཐག་བྱེད་པ། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཏང་ཡོན་ལས་བྱེད་པས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་པ་ཧུར་ཐག་བྱེད་པ། སྙིང་སྟོབས་རྒྱུན་འཛིན་གྱིས་སློབ་བུ་གསར་པ་སྐྱོང་བ།

放大 缩小 默认

ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཏང་ཡོན་ལས་བྱེད་པས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་པ་ཧུར་ཐག་བྱེད་པ།

ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་ལས་བྱེད་པའི་ཐོན་ཁུངས་སྤྱི་འདོམས་དང་། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ། ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད། ཉེ་འགྲམ་གྱི་དཔེ་མཚོན་གཏོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཐོན་ལས་མེད་པ་ནས་ཡོད་པའི་བར་དང་ཁ་ཐོར་ནས་གཅིག་སྡུད་ཡོང་བར་སྐུལ་འདེད་བཏང་ནས། ཞིང་ནང་དང་གླིང་ཁུལ་གཞུང་ལས་སྒྲུབ་སར་འགྱུར་བ་དང་བེད་མེད་གྲམ་ཐང་འབབ་འཕར་ཡོང་བའི་ཞིང་ས་གཤིན་པོར་འགྱུར་བར་བྱས་པས། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོན་པ་དང་། ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་ཕྱིན་པ་དང་མང་ཚོགས་ལ་ཕན་འབྲས་དངོས་ཐོན་ཡོད།

སྙེ་མོ་རྫོང་གིས“ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ལག་རྩལ་ཤེས་པ་དང་། གཉེར་སྐྱོང་མཁས་པ། དོ་དམ་ཤེས་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་ཁག་གཅིག་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ས་དང་པོར་འདེམས་གཏོང་བྱས་པ་དང་། ཏང་ཡོན་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་བྱས་ནས“གནས་གཏད་གནས”ཀྱི་ཏང་ཡོན་ལས་བྱེད་པར་དོ་དམ་ཚད་ལྡན་དུ་གཏོང་བར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མཉམ་ལས་ཁང་གི་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་། དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ལ་ཚད་བརྒལ་ཡོང་བར་ཤུགས་སྣོན་བརྒྱབ་ཡོད། མིག་སྔའི་བར་སྙེ་མོ་རྫོང་གིས་ཐོན་ལས་རྣམ་གྲངས་78ཀྱི་འཕེལ་ཕྱོགས་ལ་དམིགས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་ནས་ལས་བྱེད་པ་186ས་ཚིགས་སུ་ཐོན་ལས་ལ་དམ་འཛིན་བྱེད་པར་མངགས་པ་དང་། ཞིང་འབྲོག་མང་ཚོགས་920ཡི་སྣེ་ཁྲིད་དེ་ལག་རྩལ་སྦྱོང་བ་དང་། ཚོད་ལྟ་བྱེད་པ། ཉམས་མྱོང་གསོག་པ་བཅས་བྱས་ཡོད།

དེ་དང་ཆབས་ཅིག་སྙེ་མོ་རྫོང་གིས་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། དངོས་སྒྲུབ་དང་། འགན་འཁུར། གསར་གཏོད་བཅས་ཀྱི་བྱེད་ཐབས་ནས་བོད་སྐྱོར་ལས་དོན་ཁྲོད་གྲོང་གསེབ་དར་རྒྱས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། “ཧྲུན་དབྱི་དང་སྙེ་མོའི”ཤེས་ལྡན་པ་སྤེལ་རེས་ཀྱི་ཐབས་ལམ་ལ་བརྟེན་ནས“གནས་གཏད་གནས”ཀྱི་ལས་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པ། ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་བཅས་ཁག་ཐེངས་16གི་མི་ཐེངས་274པེ་ཅིང་ཧྲུན་དབྱི་ཆུས་སུ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པར་མངགས་པ་དང་། པེ་ཅིང་གི་ཆེད་ལས་ལག་རྩལ་རྐང་འཛིན་པ་53ཁག་དབྱེ་ནས་སྙེ་མོ་རྫོང་དུ་དུས་ཐུང་རོགས་སྐྱོར་དང་སྔོན་ཐོན་ཉམས་མྱོང་བརྒྱུད་ཁྲིད་བྱེད་པར་གདན་འདྲེན་ཞུས་ནས་འདེབས་འཛུགས་དང་གསོ་ཚགས་ཀྱི་ལག་རྩལ་འཇོན་ཐང་ཅན་219གསོ་སྐྱོང་བྱས་པ་རེད།

མིག་སྔའི་བར་བོད་སྐྱོར་ལས་བྱེད་པས་སྔ་རྗེས་སུ་མ་དངུལ་ཐད་དཀའ་ངལ་ཡོད་པའི་རྣམ་གྲངས་15དང་། ལག་རྩལ་དཀོན་པའི་རྣམ་གྲངས་24 དོ་དམ་རྗེས་ལུས་ཐེབས་པའི་རྣམ་གྲངས་41བཅས་ཐག་གཅོད་བྱེད་རོགས་བྱས་ཡོད། 2023ལོའི་ཟླ་10པར་པེ་ཅིང་ཧྲུན་དབྱི་ཆུས་ལུང་དབན་ཐུན་གྲོང་རྡལ་གྱིས་རོགས་སྐྱོར་བྱས་པའི་སྲེའུ་སྡོང་2000བདེ་བླག་ངང་སྙེ་མོ་རྫོང་དུ་དབོར་ནས་བཙུགས་ཏེ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་རིང་། སྙེ་མོ་རྫོང་གིས་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་འདེགས་སྐྱོར་དུ་བྱས་ཏེ། གྲོང་ཚོའི་ཏང་རྩ་འཛུགས་དང་། གྲོང་ཚོའི་ལས་བྱེད་པ། ཏང་ཡོན་བཅས་ཀྱིས་མཐུན་ཚོགས་དང་མཉམ་ལས་ཁང་སྣ་ཚོགས་གསར་འཛུགས་དང་མཉམ་གཉེར་བྱས་ནས་ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ཐོན་རྫས་དང་། ཤིང་འབྲས། དཀར་ཆུའི་ཐོན་རྫས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ལེགས་ལྡན་ཐོན་ལས་སྔོན་ལ་འཕེལ་རྒྱས་བཏང་སྟེ་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་ལམ་བུར་བསྐྱོད་པར་ལྕག་སྐུལ་དང་ཁྲིད་སྟོན་བྱས་པས། “ལྷ་སའི་གངས་རི་མཛེས་ཤོས”དང་། “བོད་སྤོས་ལུས་གསོའི་གྲོང་རྡལ་ཆུང་ངུ” “ཆུ་ཚན་སྤྲོ་གསེང་ཕ་ཡུལ”“སྟར་ཁའི་གྲོང་ཚོ” “འབྲི་གཡག་གྲོང་ཚོ” “སྔོ་ཚལ་གྲོང་ཚོ” “སྐྱེ་ཁམས་གྲོང་ཚོ”སོགས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་རྟགས་ཁག་གཅིག་བདེ་བླག་ངང་བཏོད་ཡོད། ལོ་འཁོར་གྱི་ཐོན་ལས་རྣམ་གྲངས་ལ་ཡོང་འབབ་སྒོར་ཁྲི་4000ལྷག་ཙམ་བྱུང་ནས་མང་ཚོགས་1856ལ་ཡོང་འབབ་སྒོར་ཁྲི་2500ཙམ་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཚན་པས་སྡེབ་སྐྱེལ་དང་། འཛད་སྤྱོད་དབུལ་སྐྱོར། འགྲེམས་ཚོང་འདུ་ཚོགས་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་ནས་ལོར་ཤིང་འབྲས་དང་། སྔོ་ཚལ། ཤ་མོ། སྒོ་ང་། འོ་མ། སྤོས་སོགས་སྙེ་མོའི་ཁྱད་ལྡན་ཐོན་རྫས་བཙོངས་པར་སྒོར་ཁྲི་1500ཙམ་རག་ཡོད།

ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་གིས་འཕེལ་རྒྱས་ཀྱི་དགོས་མཁོར་མུ་མཐུད་དམིགས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས“གནས་གཏད་གནས”ཀྱི་ལས་བྱེད་པའི་ལེགས་ཆ་འདོན་སྤེལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གནད་དོན་ཡང་དག་འཚོལ་བ་དང་། དཀའ་གནད་ཐག་གཅོད་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”གསལ་ཐོ་བཟོས་ཏེ་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་ས་ཁོངས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

རིག་རྡོར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明