དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དགུ་པ་སླེབས་ཉེའི་མཚམས་སུ། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སྟེ། གསར་གཏོད་སྣེ་འདྲེན་གྱི་ལོ་10”བརྗོད་དོན་གཙོ་བོར་དམིགས་ནས་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པར་དགེ་རྒན་གྱིས་སློབ་མར་རྒྱུན་གཏན་འཚོ་བའི་ཁྲོད་ཇི་ལྟར་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་དགོས་པའི་སྐོར་འགྲེལ་བཤད་རྒྱག་བཞིན་པ།
ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དགུ་པ་དེ་རེད། “སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སྟེ། གསར་གཏོད་སྣེ་ཁྲིད་བྱས་ནས་ལོ་10འཁོར་བ”ཡི་བརྗོད་དོན་གཙོ་བོར་དམིགས་ནས། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཀྱི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། འགྲེམས་སྟོན་དང་སྒྲོག་འགྲེལ་སོགས་ཀྱི་རྣམ་པ་བརྒྱུད། རྒྱ་ཆེའི་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་བ་རེད།
ཉིན་ཤས་གོང་། ལྷ་ས་དོན་གྲུབ་དངུལ་རྩའི་གྲོང་དུ་ཧུང་ཤིང་མེ་ཁའེ་ལུང་དང་སྣེའུ་དབན་ཏ་ཐང་ཆེན་སོགས་སྐྲུན་དངོས་ཕྱིའི་LEDབརྙན་ཤེལ་ཐོག་རྣམ་པ་གསར་རྐྱང་གི་རྒྱལ་ཁབ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་གློག་སྒྲོན་སྟོན་མོ་བསྟན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་གློག་སྒྲོན་སྟོན་མོ་ནི་ལྷ་ས་གྲོང་ཁྱེར་གྱིས་འདི་ལོ་སྤེལ་བའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། ཟླ་4ཚེས་12ཉིན་ནས་བཟུང་། དགོང་མོའི་ཆུ་ཚོད་20ནས་22བར། རྒྱལ་ཁབ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་གློག་སྒྲོན་སྟོན་མོ་རྒྱུན་མཐུད་ངང་བསྟན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་རྣམ་པ་ཐུན་མོང་ཐོག་གཏོད་རྒྱུ་རེད། “བྱེད་སྒོའི་ཁྲོད་ང་ཚོས་མཐོ་གསར་ཁུལ་གྱི་ས་ཁམས་མཚོན་རྟགས་སྐྲུན་དངོས་ཀྱི་ཕྱི་རོལ་དྲིལ་བསྒྲགས་ཐོན་ཁུངས་གང་ལེགས་སྤྱད་དེ་གྲོང་ཁྱེར་ཁོངས་གཏོགས་དང་། དེ་བཞིན་མཐོ་གསར་ཁུལ་དུ་བཅའ་སྡོད་ཁེ་ལས་དང་མཉམ་དུ་རྒྱལ་ཁབ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་གློག་སྒྲོན་སྟོན་མོ་བསྟན་པ་ཡིན། གློག་སྒྲོན་སྟོན་མོ་བརྒྱུད་ཚང་མར་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དེ་བས་ལེགས་པའི་ངང་དྲིལ་བསྒྲགས་ཐུབ་པའི་རེ་བ་ཡོད”ཅེས་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དོ་དམ་ཨུ་ལྷན་གྱི་ལས་དོན་པ་བྱམས་པ་དབྱངས་ཅན་གྱིས་བཤད།
ཚེས་15ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་དང་བཅིངས་འགྲོལ་ཐང་ཆེན་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། ཆབ་མདོ་གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་དང་ཁ་རུབ་ཆུས་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཚན་དང་ཚན་པ་58ཀྱི་ལས་དོན་མི་སྣས་འགྲེམས་པང་སྒྲིག་པ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། དཔྱད་གཞིའི་ཡིག་ཆ་སྤྲོད་པ། བརྙན་ཐུང་སྟོན་པ་སོགས་ཀྱི་རྣམ་པར་བརྟེན་ནས་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཤེས་དགོས་ངེས་ཀྱི་ཤེས་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་དམངས་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་ཡོད། “ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། མང་ཚོགས་ཀྱིས་རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་ཤེས་རྟོགས་ཐུབ་པ་དང་རང་འགུལ་ངང་རྒྱལ་ཁབ་བདེ་འཇགས་དང་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུའི་རེ་བ་ཡོད”ཅེས་ཆབ་མདོ་གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་ཕྱོགས་བསྡུས་མཐུན་སྦྱོར་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཆིའུ་ཆན་གྱིས་གསར་འགོད་པར་བཤད།
ཚེས་15ཉིན་གཞིས་རྩེ་གྲོང་ཁྱེར་གྱིས“4•15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་དྲིལ་བསྒྲགས་ས་ཚིགས་སུ་ལས་དོན་མི་སྣས་རྒྱལ་ཁབ་བདེ་འཇགས་ཤེས་བྱའི་སྐོར་གྱི་དྲི་བར་ལན་འདེབས་ཐུབ་ན་བྱ་དགའ་སྤྲོད་པའི་བྱ་ཐབས་སྤྱད་དེ། འཁྲུག་ཆ་དོད་པའི་སྤེལ་རེས་ཁྲོད་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་འབྱུང་རིམ་དང《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
ཚེས་15ཉིན་ནག་ཆུ་གྲོང་ཨུད་རྒྱལ་ཁབ་བདེ་འཇཊ་གཞུང་དོན་ཁང་དང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞི་སྤྱི་འདོམས་བྱས་ནས“4•15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་རེད། ད་ཐེངས་ཀྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོའི་རིང་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། འགྲེམས་པང་སྒྲིག་པ། བརྙན་ཐུང་སྟོན་པ། དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ་སོགས་ཀྱི་རྣམ་པར་བརྟེན་ནས《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་། 《ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《རྒྱལ་སྲུང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད། གོམ་སྟབས་རྗེས་མར། གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཞིང་འབྲོག་ཁུལ་དང་། སྡེ་ཁུལ། སློབ་གྲྭ དགོན་སྡེ། དམག་སྒར། དྲ་རྒྱ་སོགས“ཕྱོགས་བཅུར་སྤེལ་བའི”བྱེད་སྒོར་མུ་མཐུད་སྐུལ་འདེད་བཏང་ནས་བདེ་འཇགས་ཆེན་པོའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཐུབ་པའི་འགན་ལེན་བྱེད་རྒྱུ་རེད།
ཚེས་15ཉིན་གྱི་སྔ་དྲོར། ལྷོ་ཁ་གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གིས་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་36དང་སྣེ་གདོང་ཆུས་ཐད་གཏོགས་སྡེ་ཚན་22སྒྲིག་འཛུགས་བྱས་ཏེ་སྣེ་གདོང་ཆུས་སྦ་ར་ཁྲོམ་གཞུང་དུ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། རྒྱ་ཆེའི་མང་ཚོགས་ཧུར་ཐག་ཞུགས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་དེ་བཞིན《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་། 《གསང་མྱུལ་ལ་ངོ་རྒོལ་གྱི་བཅའ་ཁྲིམས》《ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་གསང་འཕྲིན་ཁུངས་སྣེ་ཐེར་འདོན་ལ་བྱ་དགའ་སྤྲོད་པའི་བྱ་ཐབས》སོགས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་ཤེས་བྱར་ངོས་འཛིན་དང་ཤེས་རྟོགས་བྱེད་ཟབ་ཏུ་ཕྱིན་ཏེ“བདེ་འཇགས་རང་ཉིད་ཀྱི་འགྲམ་དུ་ཡོད་པ”ཤེས་རྟོགས་ཐུབ་ཡོད།
ཚེས་15ཉིན་མངའ་རིས་ས་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་དང་། ས་ཁུལ་ཁྲིམས་འཛིན་ཁྲུའུ། ས་ཨུད་དྲིལ་བསྒྲགས་པུའུ་སོགས་ཚན་པ་མང་པོ་ཞིག་གིས་ས་ཁུལ་དམངས་སྲིད་ཅུས་ཀྱི་རྒྱལ་སྒོའི་མདུན་དང་། བདེ་སྐྱིད་གྲོང་གསར་ཐང་ཆེན། སེང་གེ་ཁ་འབབ་ཚོང་རའི་མདུན་བཅས་སུ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་མཉམ་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་ཚང་མར་རྒྱལ་ཁབ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་ལ་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལ་གཏོར་བཤིག་དང་གནོད་འཚེ་གཏོང་བའི་བྱེད་སྤྱོད་རང་རྟོགས་ངང་གཏན་འགོག་བྱས་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་བ་རེད།
ཚེས་15ཉིན་ཉིང་ཁྲི་གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་ཉིང་ཁྲི་གྲོང་ཁྱེར་དང་བྲག་ཡིབ་ཆུས་ཀྱི་འབྲེལ་ཡོད་ཚན་པ་48སྒྲིག་འཛུགས་བྱས་ནས་ཞ་མོན་ཐང་ཆེན་དུ་གཅིག་སྡུད་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། དྲིལ་བསྒྲགས་བྱེད་སྒོའི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་། ལས་དོན་མི་སྣས་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་གྱོད་དཔེར་བརྟེན་ནས་ཁྲིམས་འགྲེལ་བྱས་ཏེ་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
ཚེས་15ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་འཛིན་དང་། ནོར་སྲིད། རིག་དངོས་སོགས་སྡེ་ཚན་དང་མཉམ་དུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ། གསར་གཏོད་སྣེ་ཁྲིད་བྱས་ནས་ལོ་10འཁོར་བ”བརྗོད་དོན་གཙོ་བོར་བྱེད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་བརྗོད་དོན་གཙོ་བོ་ཁ་གསལ་ལ་ནང་དོན་ཕུན་སུམ་ཚོགས་པའི་འགྲེམས་པང་བསྒྲིགས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་ཤེས་བྱ་མང་ཚོགས་ལ་གོ་བདེ་ཤེས་སླའི་ཐོག་ནས་དྲིལ་བསྒྲགས་བྱས་པ་དང་གྲོང་མི་དང་ཡུལ་སྐོར་བའི་དྲི་བར་ལན་བརྒྱབ་པ་དང་དོགས་གནད་བསལ་བ་རེད། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་གསར་འགོད་པར་ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི“ཕྱོགས་དགུར་སྤེལ་བར”སྐུལ་འདེད་གཏིང་ཟབ་བཏང་ནས། རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཐོབ་པའི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་བྱང་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད།
ཉིན་ཤས་རིང་གྲོ་མོ་རྫོང་དང་སྟེང་ཆེན་རྫོང་སོགས་ཀྱིས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ། གསར་གཏོད་སྣེ་ཁྲིད་བྱས་ནས་ལོ་10འཁོར་བ”བརྗོད་དོན་གཙོ་བོར་བྱས་ཏེ་དོན་དངོས་ལ་གཞི་ཚུགས་པ་དང་། ཐབས་མང་མཉམ་སྤྱོད། ཡུལ་བབ་དང་བསྟུན་པ། ཆབ་སྲིད་ཀྱི་བདེ་འཇགས། དཔལ་འབྱོར་གྱི་བདེ་འཇགས། དྲ་རྒྱའི་བདེ་འཇགས། རྒྱལ་ཁབ་ས་ཆའི་བདེ་འཇགས་སོགས་ལ་དམིགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་འབྲེལ་རྒྱ་ཆེའི་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་རྒྱལ་ཁབ་བདེ་འཇགས་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་པ་རེད།
ལྷག་ཚེ་དང་པ་ཕན་གྱིས་བསྒྱུར།