སྲིད་གཞུང་གིས་ལྟ་སྐུལ་དོ་དམ་དང་། ཁེ་ལས་རང་གཅུན། སྤྱི་ཚོགས་ཐེ་ཞུགས། སློབ་གྲྭའི་ཁྲིད་སྟོན། ཁྱིམ་ཚང་གི་སློབ་གསོ། སློབ་མའི་རེ་འབོད་བཅས་གཞི་གཅིག་ཏུ་འདུས་པའི“ལྗང་སྲུང”ཕྱོགས་བསྡུས་བདེ་འཇགས་མ་ལག་གི་ལས་ཀའི་དམིགས་ཚད་རྒྱུན་མཐུད་ངང་མངོན་འགྱུར་ཡོང་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་སོག་རྫོང་“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གིས་ཁོངས་མིའི་ཚན་པས་སྟོབས་ཤུགས་གཅིག་སྡུད་ཐོག་སློབ་གྲྭའི་ཉེ་འཁོར་གྱི་ཁྲོམ་རར་གཙང་བཤེར་བྱས་ནས། ཡིག་ཆས་ཚོང་ཁང་དང་། དཔེ་ཚོང་ཁང་། བསྐྱར་པར་ཁང་བཅས་ནང་གི་ཁྲིམས་འགལ་གྱི་གནོད་ཡོད་དཔེ་སྐྲུན་དངོས་པོ་ཁྱོན་ཡོངས་ནས་གཙང་སེལ་བྱས་ཏེ། རྒྱ་ཆེའི་སློབ་མའི“དཔྱིད་དུས་སློབ་འགོ་ཚུགས་པའི་དུས་ཚིགས”ཀྱི་སློབ་ཚན་དང་པོར་འགན་ལེན་ཏན་ཏིག་བྱས་པ་རེད།
བྱ་སྤྱོད་སྤེལ་རིང་སོག་རྫོང་རིམ་ཁག་སློབ་གྲྭས་སློབ་མ་སྒྲིག་འཛུགས་བྱས་ནས་དྲ་རྒྱའི་ཁ་བསླུས་དང་། དྲ་རྒྱར་མགོ་འཁོར་བ། དྲ་རྒྱའི་དྲག་ཤུགས། བསླུ་བྲིད་འཛད་སྤྱོད། མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་སོགས“ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་བྱང་ཚད་མཐོ་རུ་གཏོང་བའི་རིམ་པའི”བརྙན་ཐུང་ལྟ་རུ་བཅུག་ཡོད་ལ། འཚོ་བ་དངོས་དང་ཟུང་འབྲེལ་བྱས་ནས་ལོ་ན་མ་སོན་པའི་སྐྱེ་བོས་ལྟ་འདོད་ཅིང་ཉན་སྤྲོ་བའི་“མི་ངོ་མའི་པར་ལེན+འགུལ་རིས”ཀྱི་བྱ་ཐབས་ལ་བརྟེན་ནས་ནར་མ་སོན་པའི་སྐྱེ་བོའི་ཤེས་ཚད་ལ་གཞིགས་ནས་ནང་དོན་ལ་གཏམ་རྒྱུད་ཀྱི་རང་བཞིན་དང་། ཤེས་བྱའི་རང་བཞིན། སྤྲོ་སྣང་གི་རང་བཞིན་བཅས་ལྡན་པའི་ཐོག་ནས་སློབ་མ་ཚོར་གསོན་ཉམས་དོད་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་ཁྲིད་པ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་རྒྱ་ཆེའི་མང་ཚོགས་དང་ལས་བྱེད་ལས་བཟོས་གསར་གཏོད་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས་གནོད་ཡོད་དཔེ་སྐྲུན་དངོས་པོ་བཀག་འགོག་བྱ་རྒྱུ་དར་སྤེལ་ཧུར་ཐག་གཏོང་རྒྱུ་རེད་ལ། རྒྱུན་མཐུད་དང་རྒྱ་ཁྱབ་ཀྱིས་སློབ་གསོ་ཁྲིད་སྟོན་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་ལོ་ན་མ་སོན་པའི་སྐྱེ་བོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་གིས་ལོ་ན་མ་སོན་པའི་སྐྱེ་བོ་ལུས་སེམས་བདེ་ཐང་ཡོང་བར་བྱ་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།