དུས་རབས་གསར་པའི་ལིའུ་ཧྥུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་སློབ་གྲྭའི་ངལ་རྩོལ་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། སློབ་མ་རྣམས་ལིའུ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་ཆེད་དང་། སློབ་གྲྭའི་དགེ་སློབ་ཚོའི་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་སྐྱེད་སྲིང་བྱས་ནས་སློབ་གྲྭའི་ཁོར་ཡུག་མཛེས་སུ་གཏོང་བ་དང་ཤེས་དཔལ་སློབ་ར་བསྐྲུན་ཆེད། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་དུས་ཐེངས་བཞི་པའི་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ་དང་། ཟླ་གསུམ་པ་འདིར་ཤིང་འཛུགས་དུས་ཆེན་ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཤིང་འཛུགས་ནགས་བཟོའི་ནང་དོན་གཙོ་བོར་བྱས་ནས། ཤིང་འཛུགས་ནགས་བཟོའི་སློབ་གྲྭ་ལྗང་མདོག་ཅན་དུ་བསྒྱུར་ནས་ཁྱིམ་གཞིས་ལྟ་སྲུང་བྱེད་པར་མི་ཚང་མས་ནུས་ཤུགས་འདོན་རྒྱུ་གཏན་འཁེལ་བྱས་པ་རེད།
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་བསྟན་འཛིན་ཚེ་རིང་དང་། ཧྲུའུ་ཅི་གཞོན་པ་ལིའུ་དབྱིང་། དགེ་རྒན་ཀུའོ་ཞུའེ་རུའེ། དགེ་རྒན་ཚེ་བརྟན་དབྱངས་སྐྱིད། ཏང་ཀྲི་པུའི་ཁོངས་མི། ད་དུང་སློབ་གྲྭའི་སློབ་མ་བཅས་ཁྱོན་མི70ཡིས་ད་ཐེངས་ཀྱི་ཤིང་འཛུགས་ནགས་བཟོའི་བྱེད་སྒོའི་ནང་བཞུགས་པ་རེད། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཐང་གི་ལྷོ་བྱང་དུ་ཆུ་ཚོད་ལྔ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་ཁམ་སྡོང་དང་ཀུ་ཤུའི་སྡོང་པོ་ཁྱོན་100ལྷག་ཙམ་བཏབ་པ་རེད། སློབ་གྲྭའི་ཁོར་ཡུག་མཛེས་སུ་བཏང་ནས་ཤེས་དཔལ་དང་ལྗང་མདོག་གི་སློབ་རར་ནུས་པ་གང་ཡོད་བཏོན་ཡོད།
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་གྲྭའི་སྡེ་ཚོགས་ཀྱི་ཧྲུའུ་ཅི་བསྟན་འཛིན་ཚེ་རིང་གིས་སྣེ་ཁྲིད་འོག་དང་བླངས་པ་ཚོས་ལས་བགོས་མཉམ་སྒྲུབ་དང་། གོ་རིམ་ལྡན་པ། སྟོབས་ཤུགས་ཆེ་བ། ཡུར་མ་ཡུར་བ། ལྗང་སྐྱོར་ས་དོང་གསབ་པ། ཆུ་གཏོང་བ་བཅས་བྱས་ནས་ལས་ཡུལ་དངོས་སུ་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་ཡོད། ཚང་མས་ལས་བགོས་མཉམ་སྒྲུབ་དང་། གཞོགས་འདེགས་གཅིག་མཐུན། ངར་ཤུགས་གཅིག་ཏུ་སྒྲིལ་ནས་དཀའ་སྤྱད་འབད་བརྩོན་གྱིས་ངལ་རྩོལ་བྱས་ནས་རང་ཉིད་ཀྱིས་བཏབ་པའི་སྡོང་ཕྲུག་ལ་ལྟ་བཞིན་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་བཞིན་མཆིས། ས་རྡུལ་གྱིས་ལྷམ་གང་བར་ཟོས་ནའང་ཁོ་ཚོའི་ངལ་རྩོལ་གྱི་སྤྲོ་སེམས་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད།
ངལ་རྩོལ་མཇུག་འགྲིལ་རྗེས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱིས་དང་བླངས་པ་ཚོར་ཇ་མངར་མོ་གྲ་སྒྲིག་བྱས་པ་དང་ཧྲུའུ་ཅི་བསྟན་འཛིན་ཚེ་རིང་གིས་དགེ་སློབ་ཚོ་མཉམ་དུ་བསྡད་ནས་ཇ་འཐུང་བ་དང་སློབ་མའི་འཚོ་བ་གླེང་བ། ཕུགས་འདུན་གླེང་བ་བཅས་ངལ་རྩོལ་གྱི་གྲུབ་འབྲས་གླེང་ཡོད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་ལས་སློབ་གྲྭའི་སློབ་མའི་དང་བླངས་ཞབས་ཞུའི་སྙིང་སྟོབས་མཚོན་པ་དང་། སློབ་མའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་བ། ལིའུ་ཧྥུང་ལ་སློབ་སྦྱོང་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ལྕང་འཛུགས་ལས་མི་རབས་རྗེས་མར་བདེ་སྐྱིད་སྐྲུན་པ་བཅས་ཀྱི་བློ་སྟོབས་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་ལ། སློབ་གྲྭའི་དགེ་སློབ་ཚོས་ཟོལ་མེད་ཀྱི་སེམས་པ་དང་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས“ལྗང་མདོག་ཤེས་དཔལ་སློབ་གྲྭ”བསྐྲུན་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
བསོད་བསྟན་གྱིས་བསྒྱུར།