ཕ་ཡུལ་ནི་འགྱུར་ཁུག་གི་ལང་ཚོ་ཡིན་ལ། སྙན་འཇེབས་ཀྱི་འོད་སྣང་དང་དྲོ་སྐྱིད་ཀྱི་གྲུ་ཁ་ཞིག་ཡིན། མི་རེར་དགའ་ཞིང་དུང་པའི་ཕ་ཡུལ་རེ་ཡོད་སྲིད་ལ་དེ་ཉིད་རང་རང་གི་སེམས་སུ་མེད་དུ་མི་རུང་བ་ཞིག་ཡིན། ངའི་ཕ་ཡུལ་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་ཏུ་ཁ་གཏད་པའི་ཆུ་ཤུར་ཞེས་པ་དེ་ཡིན། ཆུ་ཤུར་དུ་ང་རང་སྐྱེ་སའི་ལུང་ཁུག་ཞིག་ཡོད། དེར་ཧ་ཅང་སྐྱིད་པས་ངས་དུང་སེམས་ཟབ་མོ་བཅངས་ཡོད།
ཕ་ཡུལ་གྱི་དཔྱིད་ཀར་རི་ཀླུང་ཀུན་ཏུ་མེ་ཏོག་ཁྲ་ཆིལ་ལེར་བཞད་པས་སྟོད་གོས་ཁྲ་ཁྲ་གྱོན་པའི་བུད་མེད་མཛེས་མ་ཞིག་དང་འདྲ། ཕ་ཡུལ་གྱི་དབྱར་ཁར་སྔོ་ལྗང་གི་སྤང་ལྗོངས་དང་། མགོ་ལྕོག་ལྡེམ་པའི་རྩྭ་རྩི་ཤིང་གིས་ཁེངས་པས་སྐྱེ་བོའི་ཡིད་སེམས་དབང་མེད་དུ་འཕྲོག་ནུས། གཙང་འགྲམ་ནས་གོས་འཁྲུ་བ་ན་གཞོན་ཚོས་ཕན་ཚུན་ཆུ་རྩེད་རྩེ་བའི་དགོད་སྒྲ་ལྷང་ལྷང་དུ་ཐོས་པས་སྣང་བ་སྐྱིད་པའི་ཚོར་སྣང་ཞིག་ངང་གིས་སྤྲད། ཕ་ཡུལ་གྱི་གཙང་ཆུ་དྭངས་ཤིང་གཙང་བས་ཆུ་གཏིང་གི་གྲམ་ཧྲུག་ཀྱང་གསལ་ལེར་མངོན་གྱི་འདུག ངའི་བསམ་པར་དེ་ནི་ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱི་ཐུགས་སེམས་དང་མཚུངས་པ་ཞིག་རེད་ཨང་སྙམ་བྱུང་།
ཕ་ཡུལ་གྱི་སྟོན་ཁ་ནི་མི་རྣམས་ལོ་ཏོག་ལ་གཡུར་ཟའི་འབྲས་བཟང་སྨིན་པའི་དུས་ཚོད་ཡག་ཤོས་ཤིག་རེད། དེས་ན་ཡུལ་མི་དག་གི་ངོ་ནས་སྦས་མ་ཐུབ་པའི་འཛུམ་གྱིས་ཁེངས། དགུན་གྱི་ཁ་བ་ལྷབ་ལྷུབ་ཏུ་བབས་པས་གྲང་ངར་ཆེ། དེས་ན་ཕ་ཡུལ་གྱི་དགུན་ཁར་མི་ལ་ལས་དགའ་ཡང་མི་ལ་ལས་དགའ་པོ་མི་བྱེད། དགུན་གྱི་ཕ་ཡུལ་ནི་རི་ཀླུང་ཀུན་ཁ་བས་གཡོགས་པས་གོས་དཀར་ཆེན་པོ་ཞིག་གིས་བཀླུབས་པ་དང་གཉིས་སུ་མ་འཆིས། ཁ་བའི་ཁྲོད་དུ་གངས་རྩེད་ལ་དབྱིངས་བཞུགས་པའི་བྱིས་པ་ཚོ་ནི་ཡུལ་ལྗོངས་མཛེས་པར་གྲུབ་པའི་བླ་སྲོག་ཡིན་ནོ། །
ཕ་ཡུལ་གྱི་ཞོགས་པའི་རླུང་བུ་འཇམ་ཞིང་མཁའ་དབུགས་ཁྲོད་དུ་བསངས་ཀྱི་དྲི་ཞིམ་གྱིས་ཁེངས་པས་མི་སེམས་ལ་བདེ་བའི་ཚོར་སྣང་སྟེར། ཕ་ཡུལ་ནི་ངའི་སེམས་ན་བརྩེ་བ་ཟབ་ཤོས་དང་དུང་བ་རིང་ཤོས་དེ་ཡིན། ཕ་ཡུལ་ནི་ལོ་རྒྱུས་ཀྱི་རྩ་བ་དེ་ཡིན་པས་ངས་རང་ཉིད་ཀྱི་ཤེས་ཡོན་སྦྱོང་བའི་ལམ་བུའི་ཁྲོད་དུ་བརྒྱ་ཐམ་པའི་གྲལ་འགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་པར་བརྩོན་པ་བྱེད་བཞིན་གདའ། །
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ ༡(༡༥)
ཟུར་ཁྲིད་དགེ་རྒན། བསྟན་འཛིན་བཀྲ་ཤིས།