བཏང་སྙོམས་ཀྱི་མཛེས་པས་ཕྱུག་པའི་དུས་ཀྱི་བདག་མོ་ལགས། ཁྱེད་རང་ས་ཕྱོགས་གང་དུ་བཞུགས་ཡོད་དམ། བུ་མོ་ངར་ཁྱེད་ལ་ཞུ་བསམ་པའི་རེ་བ་གཅིག་རང་ཡོད། དེ་ནི་ཁྱེད་ཀྱི་གོམ་སྟབས་དལ་ཙམ་གནང་ན་འགྲིག་གམ།
ཆུང་ཆུང་བྱིས་པའི་དུས་སུ་མགྱོགས་ཙམ་ནར་སོན་ན་བསམ་པའི་བུ་མོའི་དེའི་བློ་ཡུལ་གྱི་འཇིག་རྟེན་དང་ད་ལྟ་གཞོན་ནུའི་དུས་སྐབས་ཕར་ལ་བསྐྱུར་རན་པའི་བུ་མོ་ངའི་འཇིག་རྟེན་གྱི་མྱོང་ཚོར་ལ་ཁྱད་པར་ཅིག་འབྱུང་བཞིན་འདུག འདས་ཟིན་པའི་ལོ་ཟླར་ཕྱིར་ལྟ་ཞིག་བྱེད་དུས་བྱིས་པའི་དུས་ཀྱི་འཚོ་བ་དེ་ཆེས་བདེ་སྐྱིད་ཀྱིས་ཁེངས་པའི་དུས་སྐབས་དེ་ཡིན་པ་ཚོར་ཤེས་བྱུང་། དེ་དུས་ཁོ་མོར་སྡུག་བསྔལ་དང་ཐེ་ཚོམ། དངངས་སྐྲག་སོགས་སེམས་ཀྱི་འདུ་ལོང་འཁྲུག་མྱོང་པའི་དྲན་པ་ཞིག་མི་འདུག ཉིན་གང་པོར་ཕ་མའི་བྱམས་སྐྱོང་འོག་གང་དགའ་གང་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་པ་ནི་སྐབས་དེ་དུས་ཀྱི་འཚོ་བ་ཡོངས་རྫོགས་རེད། རིམ་བཞིན་རིམ་བཞིན་འཚར་ནས་ལོངས་དུས་གང་འདྲ་བྱས་ཀྱང་མ་འོངས་ཀྱི་མི་རྟག་དང་མ་འོངས་ཀྱི་བརྟན་མེད་རང་བཞིན་ལ་དམིགས་པའི་དངངས་སྐྲག་དང་ཐེ་ཚོམ། དེ་བཞིན་སེམས་བྱུང་དེ་དག་ལས་བསྐྱེད་པའི་སྡུག་བསྔལ་དང་སེམས་ཁྲལ་ལས་ཐར་ཐབས་ཤིག་མི་འདུག
སྐྱོད་བཞིན་པའི་མི་ཚེའི་ལམ་བུ་འདི་ནི་མ་འོངས་ཀྱི་དམིགས་ཡུལ་དང་འཚམ་པའི་སྟངས་སྟབས་ཤིག་ནས་ད་དུང་མུ་མཐུད་ཇི་ལྟར་སྐྱོད་དགོས་མིན་ང་ལ་འདི་ཡིན་དེ་མིན་གྱི་ཏན་ཏན་ཏིག་ཏིག་གི་འཆར་གཞི་ཞིག་མི་འདུག དུས་ཀྱི་བདག་མོ་ལགས། ཁྱེད་རང་དལ་ཙམ་ཐད་ན་འགྲིག་གམ། ང་རང་མ་འོངས་ཀྱི་ལམ་ལ་རྒྱང་གཟིགས་བྱེད་པའི་གོ་སྐབས་ཤིག་དང་། ལྷག་པར་སྙིང་ཉེ་བའི་ཕ་མ་སོགས་འདི་ལྟར་མགྱོགས་ནས་མྱུར་དུ་རྒས་འགྲོ་བའི་གནས་ཚུལ་ལ་ཁ་གཏད་འཇལ་བའི་བསམ་བློའི་སྟོབས་ཤུགས་ཤིག་བསྐྱེད་པའི་ཁོམ་པ་ཞིག་སྦྱིན་རོགས། ང་རང་འདི་ལྟར་ཆེས་མགྱོགས་པོར་ལྷད་མེད་ཀྱི་བྱིས་སེམས་བོར་འདོད་མེད་ལ་སྐྲ་དཀར་གཉེར་མས་བཏུལ་བའི་ཕ་མའི་རྒས་ཚུགས་ཀྱང་འདི་ལྟར་མྱུར་མོས་མཐོང་ནི་མི་འདོད། དུས་ཀྱི་བདག་པོ་ལགས། ཁྱེད་རང་དལ་ཙམ་གནོངས་དང་། བུ་མོ་ང་ཡིས་རྟོག་དཔྱོད་དང་བློ་སྤོབས་ཀྱི་རྟ་ཕོ་ལྕག་གིས་སྐུལ་ནས་ཁྱེད་རང་གི་འཛུགས་བསྐྲུན་དང་གཏོར་བཤིག་དེ་དག་མ་ཡོང་སྔོན་ནས་རང་ཉིད་ཀྱི་བསམ་བཀོད་ཀྱི་འཇིག་རྟེན་དེར་སྔོན་དུ་སླེབས་ཐུབ་པ་བྱེད་ཀྱི་ཡིན།
ཡིན་ཡང་དུས་ཀྱི་བདག་མོ་ནི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དང་འདྲ་བར་རྒྱུན་མི་ཆད་པར་མདུན་ཕྱོགས་ན་རྒྱུགས་བཞིན་འདུག སྔར་ནས་ད་བར་ལ་སྐྱེ་བོ་སུ་ཞིག་གིས་དུས་ཚོད་ལ་སྟངས་འཛིན་བྱེད་མཁས་ན་དེས་རང་གིས་བསྒྲུབ་བསམ་པའི་བགྱི་བ་མཐའ་དག་ལ་འཐུས་ཤོར་དང་ནར་འགྱངས་མེད་པར་ལེགས་པར་བསྒྲུབས་ཐུབ་ཅིང་། རང་ལ་དགོས་ངེས་ཀྱི་ཤེས་བྱ་རིག་གནས་དང་། ཐོབ་གོ་ས། ཁ་རྗེ་དབང་ཐང་། མཚན་སྙན་གྲགས་སོགས་དགོས་འདོད་ཐམས་ཅད་ཆར་བཞིན་བསྙིལ་བ་དང་། དེ་བཞིན་དུ་སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས་ཞེས་པའི་འཇིག་རྟེན་ཁ་དཔེ་བཞིན་ངེད་ཅག་གིས་རྙེད་པར་དཀའ་བའི་དལ་འབྱོར་འདི་ཉིད་ཆུད་ཟོས་སུ་མ་བཏང་བར་ལེགས་པར་བཀོལ་སྤྱོད་ཀྱང་བྱེད་ཐུབ་བོ། །
སྐྱེ་བོ་སུ་ཞིག་གིས་དུས་ཚོད་ལ་སྟངས་འཛིན་མ་ནུས་པར་བསྒྲུབ་དགོས་པའི་བྱ་བ་དག་མ་བསྒྲུབས་པར་ཉིན་འགྱངས་ཞག་འབུད་དང་། སྐྱིད་འདོད་ལེ་ལོ། ཏིང་འཛིན་གྱི་བློ་ལས་ལྡོག་སྟེ་རྣམ་གཡེང་བྱས་ནས་བསྡད་ན། ཐོབ་པར་དཀའ་བའི་མི་ལུས་རིན་ཆེན་འདི་ཉིད་སྟོང་ཟད་དུ་སོང་ནས་འཆི་ཁར་གཞི་ནས་དུས་ཚོད་ཀྱི་རིན་ཐང་དེ་རྟོགས་ཀྱང་ཧ་ཅང་ཕྱིས་དྲགས་པའོ། ། ངས་དུས་ཚོད་ནི་ནམ་ཡང་སྙིང་རུས་ཅན་དང་བརྩོན་འགྲུས་ཅན་ལ་དབང་བ་ཤེས་ཀྱི་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་དུས་ཚོད་ལ་གཅེས་འཛིན་བྱེད་པ་ནི་རང་གི་ཚེ་སྲོག་ལ་གཙིགས་འཛིན་བྱས་པ་ཞིག་དང་། དུས་ཚོད་ལ་གྲོན་ཆུང་བྱེད་པ་ནི་རང་གི་ཚེ་སྲོག་ཇེ་རིང་དུ་གཏོང་བ་ཡིན་པ་བློ་ངོར་བཅངས་ནས་དུས་ཚོད་གཅེས་སུ་འཛིན་ཏེ་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་འབད་ན་ཡུན་ཐུང་གི་མི་ཚེ་འདི་དོན་སྙིང་ལྡན་པའི་ངང་སྐྱེལ་ཐུབ་པ་སྨོས་ཅི་དགོས།
དུས་ཚོད་ནི་བཙན་པོ་དབང་ཡོད་ཅན་ཚོས་འཕྲོག་མི་ཐུབ་ལ་རྐུན་མ་དག་གིས་འཇབ་ནས་རྐུ་མི་ཐུབ། དུས་ཚོད་ནི་ཕྱུག་པོ་ནོར་འདོད་ཅན་ཚོས་ཉོ་མི་ཐུབ་ལ་དབུལ་པོ་གཉོད་ཆུང་ཚོ་ཡིས་སློང་མི་ནུས། དེར་བརྟེན་ང་ཚོས་དུས་ཀྱི་བདག་མོ་ལ་གཅེས་འཛིན་ལེགས་པར་བྱས་ཏེ་མི་ཚེ་ཆུད་ཟོས་མེད་པར་འབད་དགོས་སོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།