འདི་ནི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་དུས་སུ་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཤན་རྩ་གྲོང་རྡལ་བྲག་ལུང་མདོ་གྲོང་ཚོའི་མང་ཚོགས་ལ་ལོ་གསར་གཉིས་ཀྱི་འཚམས་འདྲིའི་དངོས་ཟོག་སྤྲོད་པའི་རྣམ་པ་ཡིན།
2024ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་དུས་སུ་ཚོགས་པའི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཤན་རྩ་གྲོང་རྡལ་བྲག་ལུང་མདོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཟླ་1ཚེས་21ཉིན“དཔྱིད་གསར་རིང་གི་གཟིགས་སྐྱོང་འབུལ་བ•འབྲོག་པའི་སེམས་ལ་དྲོ་སྐྱིད་སྦྱིན་པའི”དུས་ཆེན་གཉིས་ཀྱི་འཚམས་འདྲི་བྱས་ནས། དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ་དང་བྲག་ལུང་མདོ་གྲོང་ཚོའི་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
བྱེད་སྒོའི་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་མིར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། རྒྱ་ཆེའི་མང་ཚོགས་ལ་གཅིག་སྡུད་ཐོག་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་ནས་ལས་སླ་པོར་མི་བྱུང་བའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱས་ནས། ཁོར་ཡུག་གསར་པ་དང་འཚོ་བ་གསར་པར་རང་འགུལ་ངང་མཉམ་འདྲེས་ཧུར་ཐག་བཅས་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད།
བྱེད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་གཞོན་ནུ་དང་བླངས་རོགས་སྐྱོབ་རུ་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་དུད་ཚང་182ལ་འབྲས་དང་། རྩམ་པ། བཟའ་སྣུམ་སོགས་ལོ་གསར་གྱི་འཚམས་འདྲིའི་དངོས་ཟོག་སྒོར་ཁྲི་5སྤྲད་པ་དང་འབྲེལ་རྒྱ་ཆེའི་མང་ཚོགས་ཀྱིས་རོགས་སྐྱོར་སྲིད་ཇུས་ཁག་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་དང་ཏང་གི་ཉི་འོད་འོག་སྤྲོ་སྣང་དང་འཆམ་མཐུན་གྱི་ལོ་གསར་ཞིག་གཏོང་རེ་ཡང་བྱས་པ་རེད།
བྱེད་སྒོའི་ཐོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་བརྩོན་འགྲུས་ཀྱིས་བྲག་ལུང་མདོ་གྲོང་ཚོའི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ནས་ལྷ་ས་གྲོང་ཁྱེར་གཞོན་ནུ་དང་བླངས་རོགས་སྐྱོབ་རུ་ཁག་གི་སྒེར་སེམས་མེད་པའི་ཞལ་འདེབས་དང་བྱམས་བརྩེའི་འཚམས་འདྲི་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
དཔྱིད་གསར་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དུས་ཐོག་ཏུ་མང་ཚོགས་ཀྱི་སེམས་ནང་ཟུག་ཐུབ་པ་མ་ཟད། ད་དུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་ཕྱིན་ཡོད། ལོ་གསར་པའི་ནང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ལྷན་གཉིས་དང་མཉམ་དུ་གྲོང་ཚོའི་གནས་ཚུལ་དངོས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ནས་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་རོགས་བྱས་ཏེ་དམངས་ཕན་སྲིད་ཇུས་དང་རོགས་སྐྱོར་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།