ང་རང་རྨི་ལམ་རྨི་བཞིན་པའི་སྐབས་ཨ་ཕས་ང་འབོད་པའི་སྒྲ་ཞིག་ཐོས་པ་སྟེ། བུ་མོ། ད་ནངས་ཞོགས་པ་ཁ་བ་ཧ་ཅང་མང་པོ་ཞིག་བབས་འདུག་ཟེར། ངས་ལམ་སེང་མིག་གདངས་པ་དང་། ཉལ་ཁྲིའི་ཐོག་ནས་མ་ལངས་པར་སྟོད་ལངས་ཀྱིས་སྒེའུ་ཁུང་ཤེལ་སྒོ་ཕྱེས་ནས་བལྟས་པས། ཕྱི་རོལ་གྱི་རྣམ་པ་མཐོང་བ་དང་ཁ་ནས་རང་དབང་མེད་པར“ཨ་ཆུ་ཆུ”ཞེས་ཤོར།
དེ་ནས་ཡར་ལངས་པ་དང་། ཕོ་རབ་ལང་དུས་རྐང་ནས་ལངས། །ཕོ་འབྲིང་ལང་དུས་མགོ་ལས་ལངས། །ཕོ་ཐ་མ་ལང་དུས་སྐེད་ལས་ལངས། །ཞེས་པ་བཞིན། ཐོག་མར་རྐང་ཤུབས་དང་བཅས་ པའི་སྨད་གོས་རྣམས་གོན་པ་དང་དེ་ནས་སྤྱོད་ཁང་དུ་ཕྱིན་ཏེ་གདོང་བཀྲུས་པ་ཡིན། སྐར་མ་བཅུ་ ཙམ་ཡི་གེ་བཀླགས་རྗེས་སྤགས་སྐྱོ་ལྡག་པ་དང་། དེ་ནས་ཆུ་ཚོད་དྲུག་ཙམ་ཟིན་ འདུག་པས་བར་ཁྱམས་བརྒྱུད་དེ་སློབ་གྲྭར་བསྐྱོད་འགོ་ཚུགས། རྡོ་སྐས་ལས“ཐག་ཐག”གི་སྒྲ་དང་བཅས་ཏེ་མར་བབས་པ་དང་། རྐང་པ་སྒོའི་མ་ཐེམ་ལ་འཇོག་མཚམས་སུ“ཧྲག”ཅེས་པའི་སྒྲ་ཞིག་ཐོས་བྱུང་། ངས་ཐུར་དུ་ལྟ་སྐབས་རྐང་པ་ཡ་གཅིག་ཁ་བའི་ངོས་སུ་སྤོས་འདུག །
སྒོ་ནས་ཐོན་པ་དང་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་སྦྱིན་བྱུང་། ངས་སླར་ཡང“ཨ་ཆུ”ཞེས་པའི་སྨྲེ་ངག་དེ་ཁ་ནས་ཤོར། ཨ་ཕས། དེ་རིང་ཁ་བ་བབས་འདུག་པས་སྦག་སྦག་མི་གཏོང་། ལམ་ལ་འཁྱགས་བག་རྒྱས་ཙང་བདེ་འཇགས་ཡོད་པ་མ་རེད་ཅེས་དང་། ད་དུང་མུ་མཐུད་དེ་བདེ་འཇགས་ཨང་དང་པོ་རེད། རྐང་ཐང་ལ་འགྲོ་ཞེས་གསུང་བྱུང་། ལམ་རྒྱུད་ནས་ཡོང་སྐབས་སྦག་སྦག་བཞོན་པའི་མི་ཞིག་འཁྱགས་བག་ཐོག་འདྲེད་ནས་བརྡབས་སོང་། ང་ནི“ཨ་མ་མ”ཞེས་དངངས་སྐྲག་གིས་སྐད་རྒྱག་པ་ལས་ག་བྱེད་འདི་བྱེད་མེད་པར་གྱུར། ཨ་ཕས་ལམ་སེང་རྒྱུག་ཕྱིན་ཏེ་མི་དེར་རོགས་པ་བྱས་སོང་། ངས་ཨ་ཕ་ལ། ག་ལེར་གྱིས། འདྲེད་ཀྱི་རེད་ཨང་ཞེས་འབོད་ཀྱིན་ཨ་ཕའི་རྗེས་ལ་སྙེགས། སྟབས་ཡག་པ་ལ་མི་དེར་སྐྱོན་ཆེན་པོ་བཟོས་མི་འདུག །སློབ་གྲྭའི་སྒོ་འགྲམ་དུ་སླེབས་ལ་ཉེ་སྐབས། ཡང་ཨ་ཕས་ཁ་བས་བཏུམས་པའི་ལམ་ཟུར་གྱི་རྡོ་གཅལ་དམར་པོ་དེའི་ཐོག་རྐང་པ་སྤོ་ཉེས་ཤོར་བས། ཅུང་ཙམ་མིན་ན་འདྲེད་བརྡབས་ཕོག་ཐལ། ང་སྐྲག་ཐག་ཆོད་ནས་མགྱོགས་མྱུར་ངང་ཨ་ཕའི་ལག་གཉིས་ནས་བཟུང་སྟེ། ཨ་ཕ་སྐྱོན་མི་འདུག་གམ་ཞེས་དྲིས་པས། ཨ་ཕས་སྐྱོན་མི་འདུག་ཅེས་གསུངས་བྱུང་། དེ་ནས་ངས་ཨ་ཕ་ལ། ད་ཨ་ཕ་ཁྱེད་ཡར་ལོག་ཕེབས། ང་སྐྱེལ་མི་དགོས། ཁྱེད་རང་ཡང་ངེས་པར་དུ་གཟབ་གཟབ་གྱིས་ཨང་། ཚེ་རིང་ཞེས་ཁམས་བདེ་ཞུས། ཨ་ཕས་ཀྱང་ལན་དུ། “ཡ་ཡ། ཨ་ཕའི”ཞེས་དང་། ང་ལ་ལམ་རྒྱུད་ནས་རྒྱུགས་ཤར་གློད་མི་རུང་བའི་སྐུལ་མ་གནང་།
སློབ་གྲྭའི་རྒྱ་སྒོ་ལས་འཛུལ་བ་དང་སློབ་མ་འགའ་ཤས་ཁ་བར་རྩེད་མོ་རྩེ་བཞིན་འདུག །ང་རང་ཐད་ཀར་སློབ་ཁང་དུ་སོང་བ་དང་སློབ་མ་ཁ་ཤས་ལས་སླེབས་མི་འདུག །རེ་འགའ་ཡི་གེ་ལྟ་བཞིན་འདུག་པ་དང་། ཁ་ཤས་སྐད་ཆ་ལབ་བཞིན་འདུག །ཆུ་ཚོད་བདུན་པ་ཙམ་ལ་སླེབས་སྐབས་གད་རེས་ཚོ་ལ། ཁྱོད་ཚོ་སྦྱོང་ཚན་བྲིས་ཚར་ཡོད་ན། གད་འཕྱོགས་དང་། དེ་མ་གཏོགས་དགེ་རྒན་གྱིས་བཀའ་བཀྱོན་གནང་གི་རེད་ཅེས་བཤད་པ་ཡིན། དེ་ནས་གད་རེས་ཚོས་གད་ཕྱགས་པ་དང་ངས་ནག་པང་ཕྱིས་པ་ཡིན། ནག་པང་འཕྱིད་བཞིན་པའི་སྐབས་སློབ་གྲོགས་བུ་མོ་གཟུགས་ཆེ་ཙམ་ཞིག་ཡོད་པ་དེ་ཚུར་ཡོང་ནས། “ངས་འཕྱིད། ཁྱོད་ངལ་སོས”ཞེས་ཟེར་བྱུང་བས། ངའི་སེམས་སུ་སྤྲོ་བ་དང་དགའ་སྣང་ཆེན་པོ་བྱུང་།
དེ་ནས་སློབ་ཚན་འཚོགས་ལ་ཉེ་བ་དང་། འཛིན་དཔོན་གྱིས“ཡི་གེ་ཀློགས”ཞེས་ཟེར། དེ་ནས་དགེ་རྒན་སླེབས་པ་དང་ང་ཚོ་ཡི་གེ་བློ་འཛིན་དུ་བཅུག །ཞོགས་ཚོགས་གྲོལ་རྗེས་ང་ཚོ་གཙང་སྦྲ་བྱས་པ་ཡིན། ང་དང་གྲོགས་མོ་ཆུ་ལེན་དུ་འགྲོ་སྐབས་ཁ་བའི་ནང་དུ་འདྲེད་ནས་མགོ་བོ་ཐང་ལ་བརྡབས། ངས“ཨ་ར་ར”ཞེས་སྐད་བརྒྱབ་པ་དང་གཡས་གཡོན་ནས་སློབ་མ་མང་པོས་ངའི་གདོང་ལ་བལྟས་འདུག །གྲོགས་མོ་གཉིས་ཀྱིས་ང་ཡར་བསྐྱོར་ནས་སྐྱོན་མི་འདུག་གམ་ཞེས་ཟེར་བས། ངས“ཨ་ར་ཏོག་ཙམ་འདུག”ཅེས་བཤད། གཙང་སྦྲ་བྱས་ཚར་རྗེས་ང་ཚོ་སློབ་ཁང་གི་གཤམ་དུ་བབས་པ་དང་། སློབ་མ་ཁ་ཤས་ཀྱིས་ངའི་མགོའི་སྟེང་ལ་ཁ་བ་འཕངས་བྱུང་། ངས་ཀྱང་ཁོང་ཚོར་ཕར་ཁ་བ་གཞུས་པ་ཡིན། དེ་ནས་དགེ་རྒན་སླེབས་པ་དང་ཁོང་གིས་ང་ཚོའི་ཁ་བ་རྩེད་པའི་རྣམ་པ་དེ་མཐོང་ནས་དེ་རིང་གི་གཟའ་མཇུག་རྩོམ་ཡིག་འབྲི་རྒྱུ་ནི“ཁ་བ་བབས་པའི་ཞོགས་པ”ཡིན་ཞེས་གསུངས།
ང་ཚོ་ནང་ལ་ལོག་པ་དང་ངས་རྩོམ་ཡིག་ཇི་ལྟར་འབྲི་བའི་སྐོར་ནས་བསམ་བློ་མང་པོ་བཏང་བ་ཡིན། ཁ་བ་བབས་པའི་ཞོགས་པ་དེར་ངའི་ངོས་ནས་ནམ་རྒྱུན་དང་མི་འདྲ་བའི་དོན་ཆེ་ཆུང་སྣ་ ཚོགས་འཕྲད་བྱུང་། ལྷག་པར་དུ་གངས་དང་འཁྱགས་པའི་ཁྲོད་ལ་རང་ཉིད་ཀྱི་བདེ་འཇགས་ལ་ གཟབ་ནན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་རྟོགས་བྱུང་ངོ་། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)
ཟུར་ཁྲིད་དགེ་རྒན། དགའ་བཟང་།