གསར་འགོད་པས་རང་སྐྱོང་ལྗོངས་ཀྱིས་སྐོང་ཚོགས་བྱས་པའི“ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ལས་ཀའི་གནས་ཚུལ”གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ནན་ཤོས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། ལྷོ་ཁའི་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་རི་ཆུ་དང་ནགས་ཁུལ་ཞིང་ཐང་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་སྐྱེ་དངོས་སྣ་མང་སྲུང་སྐྱོང་བྱེད་པར་མཐོང་ཧ་ཅང་ཆེན་པོ་བྱས་ནས། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕན་འབྲས་དངོས་ཐོན་པར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས“ནགས་བཟོའི་ལམ་ལུགས”དོན་འཁྱོལ་ནན་པོ་བྱས་ནས་ཆུ་དང་། ནགས། ཞིང་། མཚོ་མཚེའུ། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་པ་རེད། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་རི་བོ་སྔོ་འགྱུར་ནགས་བཟོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་གཞི་ཁྱོན་ཆེ་བའི་འོས་འགན་ཤིང་འཛུགས་བྱེད་སྒོ་སྒྲིག་འཛུགས་བྱས་ནས། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ལེ་དབར་བརྒྱ་ཡི་སྐྱེ་ཁམས་ས་རྒྱུད་དང་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་སྐྱེ་ཁམས་ཁྱམས་ལམ་སྐྲུན་གང་ཐུབ་བྱས་པས། གྲོང་ཁྱེར་ཡོངས་ཀྱི(ཚོད་འཛིན་ཐིག་ནང་ཚུན)ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི118.28ཟིན་པ་དང་། མིས་བཟོས་ནགས་ས་རྒྱ་ཁྱོན་སྤྱི་ཆིང་ཁྲི3.26ཟིན་ཡོད། ནགས་ས་གཞན་དག་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི9.17ཟིན་ནས་ནགས་ཚལ་ཁྱབ་ཚད24.79%ཟིན་ཡོད་ལ། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་དཔྱིད་དགུན་དུས་ཚིགས་སུ་བྱེ་རླུང་གནམ་གཤིས་བསྟན་ཚད་རྒྱུན་མཐུད་ངང་ཉུང་དུ་ཕྱིན་པ་དང་། བྱེ་རླུང་གིས་ཉེ་འཁོར་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་ཐེབས་པའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད།
གཞན་ཡང་ལྷོ་ཁ་གྲོང་ཁྱེར་གྱིས་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་ཕྱུགས་ལོགས་སུ་དབྱེ་བ་དང་། གསང་སྤྱོད་གསར་བརྗེ། གྲོང་ཚོའི་རྣམ་པ་བཅོས་སྒྲིག་བཅས་ཏན་ཏིག་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་བཞི་ཆ་གཅིག་ལས་བརྒལ་བའི་གྲོང་ཚོར་གད་སྙིགས་རིགས་དབྱེ་བྱས་པ་དང་གད་སྙིགས་བརྗེ་སྒྱུར་སྒོ་རྩིས་ཚོང་ཁང་75བཙུགས་པ། “ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་སྔོན་ལ་ལེགས་སྒྲུབ་ཆེད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་གསར་རྐྱང་དུ་བསྐྲུན་པ་རེད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་བདེ་བླག་ངང་གསར་འཛུགས་བྱས་པ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་1དང་། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་2གསར་འཛུགས་བྱས། རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཤང་གྲོང(ཁྲོམ་གཞུང)39དང་། དཔེ་སྟོན་གྲོང་ཚོ་གྲོང་ལྷན(སྡེ་ཁུལ)238བསྐྲུན་ནས་སྣོད་བཅུད་དཔེ་སྟོན་གྱི་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
གསར་འགོད་པ། གཡང་འཛོམས།
བསོད་བསྟན་གྱིས་བསྒྱུར།