འགྱུར་ཁུག་སྙན་མོ་སྒྲོགས་པའི་དུས་དེར་དབྱངས་ཅན་མའི་ངག་ལས་ཀྱང་འཇེབས་པའི་དཔྱིད་ཀྱི་ཕོ་ཉ་དེ་ངོ་མཚར་སྟོང་ལྡན་གྱི་གཞན་ཡུལ་ལན་གཅིག་འགྲིམ་ནས་སླར་ཕེབས་བྱུང་། དེའི་ཚེ་ན་ས་གཞིར་དྲོད་ཁོལ་རྒྱས་ཤིང་ཕྱེ་ལེབ་མས་དྲོ་གར་འཁྲབ་ལ་མེ་ཏོག་གིས་སོ་ཕྲེང་ངོམས། འོན་ཀྱང་ཁྱེད་ནི་སེམས་ཁོངས་ཀྱི་བདེ་སྡུག་ཡོད་ཚད་ཁོག་ལ་སྦས་ནས་རི་ཆུ་སྟོང་ཕྲག་གིས་ཆོད་པའི་རྒྱང་རིང་གི་ཡུལ་ལ་མི་ཚེའི་བདེ་སྡུག་དེ་འཚོལ་བར་ཆས་སོང་།
ཁྱེད་རང་སོང་བའི་ཐོ་རེངས་དེར། ཁྱེད་དང་བྲལ་འདོད་ཀྱི་བློ་ཡེ་ནས་མེད་ཀྱང་མིག་ཟུང་མཆི་མས་བྲན་ནས་ཁྱེད་ལ་སྐྱེལ་མ་བྱེད་པ་ལས་གཞན་ཐབས་གང་ཡང་མ་རྙེད། ཁྱེད་ནི་ལྷད་མེད་ཀྱི་བརྩེ་དུང་ཞིག་དང་མ་འོངས་པའི་འཚོ་བ་ཞིག་གི་ཆེད་དུ་མཁའ་དབྱིངས་ནས་མྱུར་མྱུར་དུ་བཞུད་འགྲོ་བའི་སྐར་མ་འོད་ཆེན་དེ་དང་འདྲ་སོང་། ཟླ་འོད་འོག་གི་ཁྱེད་ཀྱི་རྒྱབ་གཟུགས་ནི་སྲིང་མོ་ངའི་སེམས་ནས་ནམ་ཡང་སུབ་མི་ཐུབ་པའི་དྲན་འཛིན་གྱི་རི་མོ་ཞིག་ཡིན།
ལས་དབང་གི་ཞགས་ཐག་རིང་མོ་མགོ་ལ་བསྐོར་ནས་རྒྱང་རིང་གི་ཡུལ་དེར་སླེབས་དུས་ཁྱེད་ཀྱིས་རང་ཉིད་ཀྱི་བསམ་སྤྱོད་དང་སྐུ་ལུས་ལ་ཐུགས་འཇགས་གནང་རོགས། ད་ནི་ཁྱེད་རང་ཁྱིམ་གཞིས་དེ་དང་བྲལ་ནས་ཆ་རྒྱུས་མེད་པའི་ཡུལ་ལུང་གསར་པ་ཞིག་ལ་འཚོ་སྐབས། དེ་རུ་ཕ་ཡུལ་དང་འདྲ་བའི་དྭངས་གཙང་གི་མཁའ་དབུགས་དང་དྲོད་འཇམ་གྱི་ཁྲི་གདུགས་ཉི་མ་མཆིས་སམ། གཅེན་པོ་ལགས། ཁྱེད་ནི་མི་ཚེའི་འཚོ་བའི་གར་སྟབས་གསར་པ་ཞིག་དང་སྐྱོ་གར་གྱི་ལེའུ་གསར་པ་ཞིག་ལ་རོལ་བ་བདེན་ན། དེ་ནི་ཁྱེད་ཀྱི་ལ་རྒྱ་དང་སྤོབས་པ་ཡིན་ལ་མི་ཚེའི་དབྱངས་རྟ་སྙན་མོ་ཞིག་ཀྱང་མ་ཡིན་པ་མིན་ནོ། །
གཞིས་ཁྱིམ་འདི་རུ་ཁྱེད་ཀྱི་གྲིབ་གཟུགས་ནི་ནམ་ཡང་མཐོང་རྒྱུ་མིན་འདུག ངའི་བསམ་པའི་རྩིག་ལྡེབས་ཀྱི་ངོས་སུ་ངེད་གཉིས་ཀྱི་བྱིས་དུས་ཀྱི་རྩེད་འཇོ་དྲན་དུས། མིག་ཟུང་མཆི་མས་ཁེངས་ཤིང་སེམས་ཁོངས་ན་བརྣག་པར་དཀའ་བའི་ན་ཟུག་ཚད་མེད་བཏང་བྱུང་། ངེད་གཉིས་ནི་ཚེ་སྔོན་བསགས་པའི་བསོད་ནམས་ཀྱིས་མཐུ་ལས་ཚེ་འདིར་མིང་སྲིང་དུ་འགྱུར་ཡོད། འོན་ཀྱང་། ལས་དབང་གི་གོ་ཆ་བཙན་པོས་ངེད་གཉིས་ལྷན་འཛོམས་ཀྱི་མེ་ཏོག་སད་དང་བ་མོས་སྔ་ས་ནས་བཅོམ་སོང་། འཛོམས་པའི་མཐའ་མ་བྲལ་དགོས་པ་སྟེ་འདུ་བྲལ་ནི་མི་ཚེའི་ཆོས་ཉིད་ཅིག་ཏུ་སྒོམ་ནས། རེ་བ་དང་སྤྲོ་བས་ཁེངས་པའི་ལྗང་མདོག་གི་རྨི་ལམ་དེ་སྒུག་ནས་ད་བར་ལུས་སོང་།
གནས་འདི་རུ་ཁྱེད་ཀྱི་ཡབ་ཡུམ་གཉིས་ཡོད་ལ་ནམ་ཡང་རེ་སྒུག་ཞུས་པའི་གཅུང་མོ་ངའང་ཡོད། ཁྱེད་ནི་ཐང་དཀར་རྒོད་པོ་ཞིག་དང་འདྲ་བར་གཤོག་ཟུང་རྒྱས་ནས་ནམ་འཕང་བཅད་དེ་ལྟེ་ཁྲག་འཕོ་སའི་གཞིས་ཁྱིམ་འདིར་ལྡིང་བསྐོར་ཞིག་རྒྱོབ་དང་། འདི་ནི་ལོ་ཟླས་ལང་ཚོ་བཅོམ་པའི་ཡབ་ཡུམ་གཉིས་ཀྱི་ཕྲལ་ཕུགས་ཀྱི་ཐུགས་རེ་ཉག་ཅིག་དེ་དང་སྙིང་གཏམ་དམར་པོ་དེའང་ཡིན་ནོ། །
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢(༢)
ཟུར་ཁྲིད་དགེ་རྒན། མིག་དམར་ཚེ་རིང་།
ཟུར་ཁྲིད་དགེ་རྒན། མིག་དམར་ཚེ་རིང་།