西藏青年报藏文版གལ་ཆེའི་གསར་འགྱུར། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་བསྲུངས། རི་གྲོང་ཡུལ་དུ་ཉེན་རྟོག་ཉམས་བཟང་མངོན། བོད་ཀྱི་མི་རིགས་གླུ་གར《མཐའ་མཚམས་ སུ་བཞད་པའི་སྐལ་བཟང་མེ་ཏོག》ཤང་ཀང་དུ་འཁྲབ་སྟོན་བྱས་པ།

放大 缩小 默认

ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་བསྲུངས། རི་གྲོང་ཡུལ་དུ་ཉེན་རྟོག་ཉམས་བཟང་མངོན།

བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་རོང་ཤར་མཐའ་མཚམས་མངགས་གཏོང་ཁང་གི་སྐོར་བཀོད་པ།

རོང་ཤར་ཤང་ནི་རང་ལྗོངས་ཀྱི་མཐའ་མཚམས་གྲོང་རྡལ་ཆུང་ངུ་ཞིག་ཡིན་པ་དང་དིང་རི་རྫོང་གྲོང་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་4ཙམ་ལས་བསྐྱོད་དགོས་མེད། ས་བབ་མཐོ་ཚད་སྨི་2000ནས་སྨི་7000བར་མི་འདྲ་བའི་ཧེ་བག་ཡོད། རོང་ཤར་ཤང་སྲིད་གཞུང་དང་། སློབ་གྲྭ འཕྲོད་བསྟེན་ཁང་། རོང་ཤར་མཐའ་མཚམས་མངགས་གཏོང་ཁང་བཅས་ཚང་མ་རོང་ཤར་ཤང་བྲིན་ཐང་གྲོང་ཚོར་ཡོད། དེ་གར་སྔར་ནས་བཟུང“མཁའ་དབྱིངས་ཀྱི་གྲོང་ཁྱེར”ཞེས་བརྗོད་ཀྱི་ཡོད། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རོང་ཤར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོ་ནི་གྲོང་རྡལ་ཆུང་ངུ་དེ་སྲུང་མཁན་བ་རེད།

སྦྱོང་བརྡར་བྱས་ནས་འཇོན་ཐང་ཆེ་རུ་བཏང་བ།

ཀྲང་ཀྲི་ཨན་ནི་རོང་ཤར་མཐའ་མཚམས་མངགས་གཏོང་ཁང་གི་ལོ་ན་ཆུང་ཤོས་དང་ལས་ཀར་ཞུགས་ཡུན་ཐུང་ཤོས་ཀྱི་མི་དམངས་ཉེན་རྟོག་པ་ཞིག་ཡིན་མོད། འོན་ཀྱང་དཀའ་སྤྱད་སྙིང་རུས་དང་བྱང་ཆུབ་པའི་ཆེད་ལས་རྩལ་ནུས་ལ་བརྟེན་ནས་དུས་ཐུང་ལོ་ཤས་ནང་མངགས་གཏོང་ཁང་གི་ཉེན་རྟོག་ལས་དོན་གྱི་སློབ་ཁྲིད་དམག་དཔོན་ཞིག་ཏུ་གྱུར་ཡོད།

“སློབ་ཁྲིད་དམག་དཔོན་ལགས། ཁྱེད་ཀྱིས་གཟིགས་དང་བརྙན་ལམ་འདིའི་ནང་གི་མི་དམངས་ཉེན་རྟོག་པའི་བྱེད་སྟངས་དེ་རིགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་ནམ”2022ལོར་ཀྲང་ཀྲི་ཨན་གྱིས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཉེན་དོན་དངོས་འཐབ་སློབ་ཁྲིད་དམག་དཔོན་གྱི་གསོ་སྦྱོང་ལ་ཞུགས་པའི་མིང་ཐོ་བཀོད་པ་རེད། གསོ་སྦྱོང་རིང་ངག་ཐོག་ནས་བཀག་འགོག་བྱེད་པའི་ཆེད་ལས་ཀྱི་ཐ་སྙད་དང་ཉེན་རྟོག་པས་སྤྱོད་པའི་ཡོ་ཆས་ཀྱི་ཆེད་ལས་བཀོལ་སྤྱོད་དང་ལས་སྒྲུབ་ཁྲིམས་སྒྱུར་བརྒྱུད་རིམ་གྱི་དོ་སྣང་བྱེད་དགོས་པའི་གནད་དོན་ཐད་རྒྱུས་མངའ་དེ་ཙམ་མེད་པའི་ཁོང་ལ་དཀའ་ངལ་འཕྲད། ལས་ཀའི་ཞན་ཆ་སེལ་ཆེད། ལས་ཞོར་གྱི་དུས་ཚོད་སྤྱད་དེ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་ཕུད། ཀྲང་ཀྲི་ཨན་གྱིས་ད་དུང་ལས་འགན་སྒྲུབ་སྐབས་འཕྲད་པའི་དཀའ་ངལ་དག་ཁེངས་སྐྱུང་ངང་སློབ་ཁྲིད་དམག་དཔོན་ལ་སྐད་ཆ་འདྲི་གི་ཡོད། རྒྱུན་མཐུད་སློབ་སྦྱོང་བརྒྱུད། ཁོང་གི་རིགས་པའི་གཞུང་ལུགས་དང་དངོས་སྦྱོང་གི་རྨང་གཞི་རིམ་བཞིན་བརྟན་དུ་ཕྱིན་ནས་གསོ་སྦྱོང་མཇུག་འགྲིལ་བའི་ཡིག་རྒྱུགས་ནང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་ཡོད།

ཚན་པར་ལོག་རྗེས་ཀྲང་ཀྲི་ཨན་གྱིས་སྦྱངས་པ་གོ་ཆོད་དང་། ལས་ཀའི་དོན་དངོས་ལ་དམིགས་པ། མངགས་གཏོང་ཁང་ལ་ཚན་རིག་དང་མཐུན་པར་སྦྱོང་བརྡར་གྱི་ཇུས་གཞི་བཟོ་རོགས། སློབ་ཁྲིད་ཀྱི་འཆར་གཞི་དང་སྦྱོང་བརྡར་གྱི་ནང་དོན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་དམངས་ཉེན་རྟོག་པའི་ཉེན་དོན་རྩལ་ནུས་དང་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད།

མང་ཚོགས་ལ་ཐག་ཉེ་ས་ནས་ཞབས་འདེགས་ཞུས་པ།

འདི་ལོའི་ཟླ་9པར། ཚམ་མོ་ཆེན་གྲོང་ཚོའི་གྲོང་མི་ལྷག་སྒྲོན་གྱིས་རོང་ཤར་མཐའ་མཚམས་མངགས་གཏོང་ཁང་གི་ཐེམ་ཐོ་དོ་དམ་བྱེད་མཁན་མི་དམངས་ཉེན་རྟོག་པ་ཀྲང་ཅུན་ལ་ཨ་མ་ཚེ་གཡང་གིས་ཕྱུགས་འཚོ་སྐབས་ཐོབ་ཐང་ལག་ཁྱེར་བརླག་པ་དང་ད་ཆ་ནད་གཞི་ཕོག་པས་ཐོབ་ཐང་ལག་ཁྱེར་ཁྱེར་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས་ཀྱི་འདུག འོན་ཀྱང་ནད་གཞི་ཕོག་པའི་རྐྱེན་གྱིས་མངགས་གཏོང་ཁང་དུ་སྐྱོད་ཐབས་བྲལ་བས། རོགས་རམ་གནང་རོགས་ཅེས་ཞུས། ལྷག་སྒྲོན་གྱི་དཀའ་ངལ་ཤེས་རྟོགས་བྱུང་རྗེས་ཀྲང་ཅུན་གྱིས་འཕྲལ་མར་འགོ་ཁྲིད་ལ་སྙན་སེང་ཞུས་རྗེས་ལས་རོགས་གཞན་ཞིག་དང་མཉམ་དུ་ལྷག་སྒྲོན་གྱི་ཁྱིམ་དུ་བསྐྱོད་དེ་ཁོང་གི་ཨ་མ་ཚེ་གཡང་ལ་ཐོབ་ཐང་ལག་ཁྱེར་གཉེར་རོགས་བྱས།

རླངས་འཁོར་ལ་བསྡད་དེ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བསྐྱོད་རྗེས་ཁོང་ཚོ་ཨ་མ་ཚེ་གཡང་གི་གནས་སྐབས་སྡོད་སར་འབྱོར། འབྲོག་རར་གློག་ཤར་གཏོང་ཐུབ་མེད་པའི་རྐྱེན་གྱིས་གུར་ནང་ནག་རྐྱང་ཡིན་པས་པར་རྒྱག་ཐབས་བྲལ་བས། ཀྲང་ཅུན་གྱིས་ངང་རྒྱུད་རིང་པོས་པར་ལེན་ཡོ་ཆས་ཀྱི་ཟུར་ཚད་ལེགས་སྒྲིག་བྱས་པ་མ་ཟད། ལག་ཐོགས་ཁ་པར་གྱི་གློག་སྤར་ནས་དཀར་ཆ་དོད་དུ་བཏང་སྟེ་ཐོབ་ཐང་ལག་ཁྱེར་གྱི་པར་རྒྱག་ཐུབ་ཙམ་བྱུང་ཡོད།

མང་ཚོགས་ལ་ཞབས་འདེགས་ཞུ་བར་དོན་ཆུང་མེད་པ་དང་། རང་འགན་གཙང་སྒྲུབ་ཀྱིས་དམངས་སེམས་དྲོ་བར་བྱས། རོང་ཤར་མཐའ་མཚམས་མངགས་གཏོང་ཁང་གིས་སྐར་ཁུང་གི་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་དང་དུས་མཚུངས་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་སྣུར་སྲིང་དང་རྒྱ་ཆེར་བཏང་སྟེ་རྒན་རྒོན་དང་། ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་ཐོགས་མེད་བགྲོད་ལམ་བཏོད་དེ་བྱ་བ་ཆུང་ཙག་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ་དང་བྱ་བ་ཆུང་ཙག་གི་ཁྲོད་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་སྒྲུབ་བཞིན་ཡོད།

སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་སྲུང་སྐྱོང་བྱས་པ།

“ཉེན་ཟོན་གློག་སྒྲོན་མཐོང་སྐབས་བློ་ཧ་ཅང་བདེ་པོ་འདུག”ཅེས་རོང་ཤར་ཤང་གི་གྲོང་མི་དབྱངས་སྐྱིད་ཀྱིས་བཤད།

འདི་ལོའི་དབྱར་ཀ་ཤར་ཚུན། རོང་ཤར་མཐའ་མཚམས་མངགས་གཏོང་ཁང་གིས་དབྱར་དུས་ཀྱི་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས། མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ཁོངས་གཏོགས་ཁུལ་དུ་དབྱར་དུས་ཀྱི་མཚན་མོའི་བདེ་འཇགས་སྐོར་གཡེང་བྱེད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་བསལ་ཏེ་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཡོད།

“སྐུ་ཁམས་བཟང་། ང་ཚོ་ནི་རོང་ཤར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡིན། མགྲོན་ཁང་དུ་སྡོད་མཁན་གྱི་ཐོ་འགོད་རེའུ་མིག་གཅིག་སྟོན་རོགས”ཞེས་མངགས་གཏོང་ཁང་གི་སྐོར་གཡེང་རུ་ཁག་གི་རུ་མིས་ཁོངས་གཏོགས་ཁུལ་གྱི་ཁྱིམ་ཚང་མགྲོན་ཁང་དུ་བདེ་འཇགས་ཞིབ་བཤེར་བྱེད་པར་བསྐྱོད།

“ཁང་པ་དེར་གློག་སྐུད་གང་བྱུང་ཁྲིད་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འདུག་པས། ངེས་པར་དུ་མཐོང་ཆེན་བྱས་ནས་དུས་ཚོད་དམ་འཛིན་གྱིས་དག་ཐེར་བྱེད་དགོས”ཞིབ་བཤེར་བྱེད་རིང་སྐོར་གཡེང་རུ་ཁག་གི་རུ་མིས“ཞིབ་བཤེར་བྱེད་ཀྱིན་དག་ཐེར་དང་དྲིལ་བསྒྲགས་བྱེད་པའི”རྩ་དོན་ལྟར་མགྲོན་ཁང་གི་ས་ཆ་ཚང་མར་ལྟ་ཞིབ་ཞིབ་ཚགས་བྱེད་པ་དང་། ལས་དོན་མི་སྣར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་རོགས་བྱས་ཏེ་འབྱུང་རྩ་ནས་ལས་འཛོལ་མི་ཐོན་གཏན་འགོག་བྱས་ཡོད།

དེའི་རིང་སྐོར་གཡེང་རུ་ཁག་གི་རུ་མིས་ཁོངས་གཏོགས་ཁུལ་གྱི་ཇ་ཁང་དུ་བརྟག་དཔྱད་བྱེད་པར་སྐྱོད་སྐབས། གྲོང་མི་ཞིག་ར་བཟི་ནས་རྐུབ་སྟེགས་ཐོག་རིལ་ཡོད་པ་མཐོང་བ་དང་། ཇ་ཁང་གི་ལས་ཀ་བྱེད་མཁན་དང་སྐུ་མགྲོན་ཚོའི་ས་ནས་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། ས་རུབ་པའི་ཁར་ར་ཡང་བཟི་བ་སོགས་ལ་བསམ་གཞིག་བྱས་ཏེ་སྐོར་གཡེང་རུ་ཁག་གི་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་ཁོ་པའི་ནང་མི་དང་འབྲེལ་བ་བྱས་པ་དང་འབྲེལ། ཁོ་པ་བདེ་འཇགས་ངང་ཁྱིམ་དུ་བསྐྱལ་བ་རེད།

རོང་ཤར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་ལས་ཀའི་སྤྱོད་ཚུལ་ཏན་ཏིག་ཡོད་པ་ལས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་སྔར་བས་ཆེ་རུ་ཕྱིན་ནས་ཁོངས་གཏོགས་ཁུལ་གྱི་དུས་བདེ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་3པར། རོང་ཤར་མཐའ་མཚམས་མངགས་གཏོང་ཁང་ལ་རོང་ཤར་ཤང་མི་དམངས་སྲིད་གཞུང་གིས“ཕུལ་བྱུང་མཐའ་སྲུང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། ཟླ་10པའི་ཟླ་དཀྱིལ་དུ་དིང་རི་རྫོང་མི་དམངས་སྲིད་གཞུང་གིས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པའི”མཚན་སྙན་སྤྲད་པ་རེད།

བདེ་སྐྱིད་དང་པད་ཆོས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明