西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཤེས་རབ་དང་བརྩོན་འགྲུས། ༄༅། །མཛའ་གྲོགས་ལ་བསྐུར་བའི་ཡི་གེ ༄༅། །ང་ཡི་རྒན་ལགས། ༄༅། །བྱམས་བརྩེ་བཀའ་དྲིན་ཆེ་བའི་ཨ་མ། བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱས་པ།

放大 缩小 默认

༄༅། །ཤེས་རབ་དང་བརྩོན་འགྲུས།

□ 作者 བསྟན་འཛིན་ནོར་བུ།

ཤེས་རབ་ཟབ་མོའི་མཚོན་ཆ་རྣོ་ན་ཡང་། །བརྩོན་འགྲུས་ལག་པའི་ཤེད་དང་མ་འབྲེལ་ན། །གཏི་མུག་དགྲ་ཡི་མགོ་གཅོད་མ་ནུས་པས། །ཤེས་བརྩོན་ཟུང་འབྲེལ་བྱེད་དགོས་སློབ་གྲོགས་ཚོ། །ཞེས་པ་ལྟར་བྱ་བ་གང་དང་ཅི་ལ་འཇུག་ཀྱང་ཤེས་རབ་དང་བརྩོན་འགྲུས་གཉིས་ཟུང་འབྲེལ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །

ཤེས་རབ་ཞེས་པ་ནི་ཟླ་དགུ་དང་ཞག་བཅུ་མངལ་དུ་ཁུར་ནས་དལ་བ་བརྒྱད་དང་འབྱོར་པ་བཅུ་སྟེ་དལ་འབྱོར་བཅོ་བརྒྱད་ཆ་ཡོངས་སུ་རྫོགས་པར་གནང་མཁན་བཀའ་དྲིན་གཞལ་དུ་མེད་པའི་ཡུམ་ཆེན་གྱིས་མི་ལུས་གནང་བ་ནས་བཟུང་རང་རྒྱུད་ལ་ལྡན་པ་ཞིག་ཡིན། འོན་ཀྱང་། བརྩོན་འགྲུས་ནི་དེ་ལྟར་མ་ཡིན་པར་བྱ་བ་གང་ཞིག་ལ་དགའ་ཞིང་སྤྲོ་བའི་ངང་ནས་འཇུག་པའི་བསམ་པའི་ཀུན་སློང་ཡང་དག་པ་ཞིག་ཡོད་མེད་ལ་རག་ལས་པ་ཡིན།

གལ་སྲིད་ང་ཚོ་གང་ཟག་རྣམས་ལ་དང་ཐོག་རང་ཉིད་ལ་བློ་རིག་ཤིན་ཏུ་བཀྲ་ཡང་བརྩོན་འགྲུས་མ་བྱས་ཚེ་བྱ་བའི་འབྲས་བུ་ལེགས་པོ་ཞིག་གཏན་ནས་འཐོབ་མི་སྲིད། གཞན་བློ་རིག་མི་བཀྲ་བའི་མི་ཞིག་གིས་བརྩོན་འགྲུས་ཅི་ཙམ་བྱས་ཀྱང་བྱ་བའི་འབྲས་བུ་གཟེངས་སུ་ཐོན་པ་ཞིག་ཀྱང་འཐོབ་དཀའ། འོན་ཀྱང་། རང་ཉིད་ལ་ཤེས་རབ་དང་བརྩོན་འགྲུས་གཉིས་ཀ་ལྡན་ཚེ། བྱ་བའི་འབྲས་བུ་གཡུར་དུ་ཟ་བ་ཞིག་འཐོབ་རྒྱུ་ནི་ཐེ་ཚོམ་ཅི་ཡང་མི་དགོས་པ་སྨོས་མེད་རེད།

ཧ་ལྦར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ་ཞེས་པ་ལས། ཧུར་བརྩོན་མ་བྱས་ན་ལྷན་སྐྱེས་ཀྱི་རིག་པ་བཀྲ་ཡང་འཐོབ་ཆ་མེད། ཞེས་གསུངས་པ་ལྟར་ང་ཚོས་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ཉིད་ལ་དམ་འཛིན་ལེགས་པར་བྱས་ཏེ་ལག་ལྡན་པད་མཚོར་འཇུག་པ་ཇི་བཞིན་ཤ་དར་ཕྲག་དར་གྱི་དུས་སུ་བརྩོན་འགྲུས་ཀྱི་རྟ་ཕོ་ལ་ལྕག་གིས་སྐུལ་ཏེ། ཤེས་བྱའི་རིན་ཆེན་ནོར་བུ་འབྱམས་ཀླས་ཀྱི་ཆུ་གཏེར་ཀློང་ནས་ལེན་པར་ཆས་དགོས།

ཧ་ལྦར་ཊི་གཙུག་ལག་སློབ་ཆེན་གྱི་སློབ་རའི་ནང་རྒྱུན་དུ་གྲགས་པའི་གཏམ་སྟེ། བརྩོན་འགྲུས་ཀྱིས་ཤེས་རབ་བསྐྱེད། །སྒྱིད་ལུག་གིས་བླུན་རྨོངས་བསྐྱེད། །ཞེས་པའི་གཏམ་དེ་ལོས་བདེན་ཏེ། དཔེར་ན། བསིལ་ལྡན་ལྗོངས་སུ་དུས་རབས་བདུན་པའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་སྐུ་འཁྲུངས་པའི་སློབ་དཔོན་ཐོན་མི་སྐུ་ན་ཕྲ་བའི་དུས་ནས་ལམ་བགྲོད་པར་དཀའ་བ། སྐད་བརྡ་མི་འཕྲོད་པ། ཚ་གྲང་ལ་སོགས་པའི་སྐུ་ངལ་ཅི་ལའང་མི་འཛེམས་པར་རྒྱ་གར་དུ་ཕེབས་ནས་དཀའ་སྤྱད་འབད་བརྩོན་དལ་འགྲོའི་རྒྱུན་བཞིན་གནང་བས་ད་ལྟ་སྤྱོད་བཞིན་པའི་བོད་ཡིག་འདི་གསར་གཏོད་གནང་བ་ཡིན།

ང་ཚོས་ཀྱང་བརྩོན་འགྲུས་བྱས་ཏེ་མ་འོངས་པའི་རང་ཉིད་ཀྱི་མདུན་ལམ་ཆེད་དུ་དང་། ཁྱབ་ཆུང་ཙམ་ནས་བརྗོད་ན་ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པའི་ཆེད་དུ་ལོ་ན་ཕྲ་བའི་དུས་ནས། བླ་མ་མེད་པའི་གོང་རོལ་དུ། །སངས་རྒྱས་ཞེས་པའི་མིང་ཡང་མེད། །སྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་འབྱུང་། །ཞེས་པས་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་དྲུང་ནས་ཤེས་བྱ་རིན་ཆེན་ནོར་བུ་ལ། །དཀའ་སྤྱད་འཁུར་དུ་འཁྱེར་ནུས་ན། །བྱ་བ་གང་དང་ཅི་ལ་ཡང་། །མི་འགྲུབ་བྱ་བ་ཅི་ཡང་མེད། །ཅེས་པ་ལྟར་ཤེས་རབ་དང་བརྩོན་འགྲུས་གཉིས་ཟུང་འབྲེལ་བྱས་ཏེ་རབ་ཏུ་བྱུང་ན་མིའི་རིགས་ཡོངས་ལ་ཕན་ཐོགས་ཡོད་པའི་སྐྱེས་བུ་ཞིག་དང་། མ་མཐར་ཡང་ཡབ་ཡུམ་གཉིས་གཙོས་པའི་ནང་མི་སྤུན་མཆེད་ཡོངས་ལ་དྲིན་ལན་འཇལ་ཐུབ་པའི་སྐྱེས་བུ་ཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེའོ། །

འཇིག་རྟེན་འདིའི་སྟེང་དུ་འཚོ་སྡོད་བྱེད་པའི་སྐྱེས་བུ་ཤེས་ཡོན་ཅན། འབྱོར་པ་ཅན་ལ་སོགས་པ་ནི་ཤེས་རབ་དང་བརྩོན་འགྲུས་གཉིས་ལ་བརྟེན་ནས་བྱུང་བ་ཡིན་པས། ཤེས་རབ་དང་བརྩོན་འགྲུས་གཉིས་ནི་འབྲས་བུ་ཀུན་གྱི་རྩ་བ་ཡང་ཡིན་ནོ། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ ༣(༡༢)

ཟུར་ཁྲིད་དགེ་རྒན། པད་སྐྱིད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明