སྲོག་ཆགས་ནི་མིའི་རིགས་ཀྱི་གྲོགས་པོ་ཡིན། དཔེར་ན་ཆུང་བ་གྲོག་མ་ནས་ཆེ་བ་ན་ཀྲ་སོགས་སོ། ། ཁོ་ཚོ་ཡང་ཚེ་སྲོག་ཅིག་ཡིན་གཤིས་ང་ཚོས་བྱམས་སྐྱོང་དང་སྲུང་སྐྱོབ་བྱེད་དགོས། འཛམ་བུ་གླིང་འདི་མཛེས་སྡུག་ལྡན་པར་གྱུར་བའང་སྲོག་ཆགས་དང་རྩྭ་རྩི་ཤིང་སོགས་སྣ་ཚོགས་ཡོད་པས་མ་ཡིན་ནམ།
ད་ཆ་མི་མང་པོས་རང་ཉིད་དགའ་བའི་སྲོག་ཆགས་འདྲ་མིན་སྣ་ཚོགས་གསོ་ཉར་བྱེད་བཞིན་ཡོད་དེ། སྲོག་ཆགས་དེ་དག་ལ་གཡུང་དྭགས་ཞེས་པའི་མིང་ཡང་ཐོགས། གུས་པས་ཀྱང་རང་ཉིད་དགའ་བའི་གཡུང་དྭགས་གཉིས་གསོས་པ་ཡིན། དེ་ཡང་དང་པོ་ནི་ཞི་མི་དཀར་པོ་ཞིག་ཡིན། དེའི་གཟུགས་པོ་ཡོངས་རྫོགས་སྤུ་དཀར་པོས་ཁེངས་པ་དང་། གཟུགས་པོ་ཆུང་ལ་མཚན་མོ་མིག་གཉིས་ནི་གློག་བཞུ་དང་འདྲ། སྐབས་རེ་སྐད་ཤུགས་ཆེན་པོས་〝མྰན་འོ། མྰན་འོ〞ཞེས་སྐད་རྒྱབ་ཀྱི་ཡོད། ཞི་མི་འདི་ཇི་ལྟར་བྱས་ནས་ངའི་ཁྱིམ་དུ་སླེབས་པ་རེད་ཅེ་ན། ཉིན་ཞིག་གི་དགོང་མོ་ང་རང་གཅུང་མོ་མཉམ་དུ་ཁྲོམ་ལ་འགྲོ་བའི་ལམ་བར་དུ་ཁང་པ་གཉིས་ཀྱི་བར་ནས་སྐད་ཤུགས་ཆུང་ཞིང་སྐྱོ་བ་ཞིག་རྒྱབ་གིན་འདུག ངེད་གཉིས་ཀྱིས་རྣ་བ་གཏད་ནས་ཉན་པ་ན་ཞི་མི་ཞིག་ཡིན་པ་ཤེས་བྱུང་། ཞིབ་པར་བལྟ་སྐབས་དེ་ནི་ཞིམ་ཕྲུག་བདག་མེད་ཅིག་རེད་འདུག་པས་མྱུར་དུ་རང་ཁྱིམ་དུ་འཁྱེར་བ་ཡིན། དུས་དེ་ནས་བཟུང་ཞི་མི་དེ་ངའི་ནང་གི་གཡུང་དྭགས་སུ་གྱུར་བ་ཡིན།
གཡུང་དྭགས་གཉིས་པ་དེ་ནི་ངས་ཤིན་ཏུ་དགའ་བའི་སྲོག་ཆགས་ཤིག་ཡིན། དེ་ནི་ཁྱི་ཕྲུག་ཅིག་ཡིན། དེའི་སྤུ་མདོག་ནག་པོ་དང་ཐོད་པར་རྫི་ཞིག་ཡོད། ཁྱོན་ཡོངས་ནས་བལྟས་ན་ལུས་ཆུང་ཞིང་མགོ་བོ་ཆེ་བའི་བཟོ་ལྟ་ཞིག་མངོན། དུས་རྒྱུན་ཤ་ཟ་རྒྱུར་དགའ། ད་དུང་ངོ་མི་ཤེས་པའི་མི་ཞིག་མཐོང་ན་〝ཝྰ། ཝྰ〞ཞེས་སྐད་རྒྱག་པ་མ་ཟད་རྐང་པར་རྨུགས་ཀྱི་ཡོད། ཁོ་རང་ལས་ཆེ་བའི་ཁྱི་ཞིག་དང་འཕྲད་ཚེ་འཇིགས་སྣང་དང་ཞུམ་པ་སྤུ་ཙམ་མེད། དངོས་གནས་ཁོ་ནི་དཔའ་དང་ལྡན་པའི་ཁྱི་ཞིག་རེད་འདུག
གོང་དུ་ངོ་སྤྲོད་བྱས་པ་ནི་ངའི་ནང་གི་གཡུང་དྭགས་ཡིན། འོ་ན་ལྷན་རྒྱས་ཀྱིས་གཡུང་དྭགས་གང་ཡིན་པ་ངོ་སྤྲོད་གནང་རོགས། །
ལྷ་ས་སློབ་འབྲིང་གསུམ་པའི་ལོ་རིམ༨(༣)
ཟུར་ཁྲིད་དགེ་རྒན། དབང་གྲགས།