西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ངའི་བརྩེ་བའི་ཨ་མ། ༄༅། །སྒེའུ་ཁུང་འགྲམ་གྱི་འཆར་ཡན། ༄༅། །བཀའ་དྲིན་ཅན་གྱི་མ་ཡུམ། ༄༅། །ངའི་ནང་གི་གཡུང་དྭགས།

放大 缩小 默认

༄༅། །ངའི་བརྩེ་བའི་ཨ་མ།

□ 作者 ཚེ་རིང་དཔལ་མཚོ།

ཨ་མ་ལགས། ཁྱེད་རང་ངལ་གསོ་ཕྲན་ཙམ་གནང་རོགས།

འཇིག་རྟེན་འདིའི་སྟེང་དུ་ཡོད་པའི་སེམས་ཅན་ཐམས་ཅད་ལ་ཨ་མའི་དྲོ་སྐྱིད་ཡོད་པ་བཞིན། བདག་ལ་ཡང་དུས་དང་རྣམ་པ་ཀུན་ཏུ་ཉི་འོད་ལྟར་དྲོ་སྐྱིད་སྦྱིན་མཁན་ནི་བདག་གི་ཨ་མ་ལས་མ་འདས།

ངའི་ཨ་མའི་ཕྲག་པ་གཡས་གཡོན་ལ་ཐུར་དུ་དཔྱང་པའི་གནག་སྣུམ་གྱི་སྐྲ་ལོ་གཉིས་ནི་དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་དཀར་པོར་གྱུར་སོང་། ཙ་རིའི་སྨྱུག་མ་དང་འདྲ་བའི་གཟུགས་གཞི་ཡང་དུས་བཞིའི་དཀའ་སྡུག་གིས་རྔ་དབྱུག་ལྟར་གུག་ཡོད་པས་ཕར་བལྟས་པ་ཙམ་གྱིས་ལས་ལ་བརྩོན་ཞིང་དཀའ་སྡུག་ལ་མི་སྐྲག་པའི་ཡུམ་ཆེན་ཞིག་གི་ཁྱད་ཆོས་མ་ལུས་ཡོངས་སུ་འཛོམས་ཡོད།

ཨ་མ་ལགས། ཁྱེད་ཀྱིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ང་ཚོ་བུ་ཕྲུག་ཚོའི་མི་ཚེའི་ མདུན་ལམ་ཆེད་དུ་སྐུ་ལས་བསྐྱོན། ཁྱེད་ཀྱིས་ང་ཚོར་ཟ་ལུགས་དང་འཐུང་ལུགས། འགྲོ་ལུགས། སྡོད་ ལུགས་སོགས་སློབ་པ་མ་ཟད། ཁྱེད་ཀྱིས་ང་ཚོ་བུ་ཕྲུག་རྣམས་གཞུང་དྲང་ཞིང་སྤྱོད་བཟང་དང་ལྡན་པའི་མི་ཞིག་བྱེད་དགོས་ཞེས་ཡང་ཡང་སློབ་གསོ་གནང་། ཁྱེད་ཀྱིས་ང་ཚོ་བུ་ཕྲུག་ཚོ་ལ་མི་ཚེར་དཀའ་སྡུག་འཕྲད་སྐབས་རྒྱབ་སྐྱོར་དང་མཛུབ་སྟོན་འོག་ང་ལ་འོད་ཟེར་སྟོང་ལྡན་གྱི་ལམ་བུ་སྟེར་བྱུང་། རྫོགས་མེད་ཀྱི་དཀའ་ངལ་དེ་ལྟ་བུ་ནི་ཁྱེད་ཀྱི་ཞལ་གྱི་གཉེར་མ་དང་སྐུ་གཟུགས་གཞུ་ལྟར་གུག་པ་ལས་གསལ་ལེར་མངོན་ཐུབ།

ངའི་ཨ་མ་ནི་ཁྱིམ་ཚང་གི་ལས་ཀ་ཙག་ཙིག་ལ་བརྩོན་པའི་བུད་མེད་དཀྱུས་མ་ཞིག་ཡིན། དབྱར་གསུམ་ཆར་པའི་དཀྱིལ་ལ་མ་ཡུམ་གྱིས་ནོར་ནག་གི་སུག་རྗེས་བསྙེགས་ནས་འོ་བཞོ་ཡི་འཚོ་བཅུད་བདག་ཚོར་བསྩལ། མཚན་མོའི་ཟླ་འོད་འོག་ཏུ་འབྲི་མོ་འཇོ་བའི་ཤག་ཤག་གི་འགྱུར་ཁུག་ཁྲོད་ཡུམ་ཆེན་ནི་ཕུགས་བསམ་ལ་གཤོག་པ་ལྡན་པའི་མཁའ་དབྱིངས་ཀྱི་རྒྱུ་སྐར་ཚོགས་དང་འདྲ།

དགུན་གསུམ་རི་ཀླུང་ཚང་མ་ཁ་བའི་གོས་དཀར་གྱིས་ཡོངས་སུ་བཀླུབས། ཨ་མས་ཀྱང་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བའི་ཞོགས་པ་དེར། སྔ་ལོར་ཉར་ཚགས་བྱས་པའི་སློག་པ་རལ་ཧྲུལ་སྟུག་པོ་དེ་བསྐྱར་དུ་གྱོན་ནས་རང་ཁྱིམ་གྱི་སྒོ་ཁ་རུ་ཀྲོང་ངེར་ལངས་ཏེ། ལག་པའི་མཛུབ་མོ་འགུག་བཞིན་བུ་མོ་དང་བྲལ་རྗེས་ཀྱི་ལོ་ཟླ་ཞག་གྲངས་གྲངས་ཀར་བགྲངས།

ངའི་ཡུམ་ཆེན་ནི་བུད་མེད་དཀྱུས་མ་ཞིག་རེད་འདུག་གམ། བདག་གི་སེམས་ནང་ཨ་མ་ནི་བུད་མེད་རང་ག་བ་ཞིག་ག་ལ་ཡིན་སྲིད་དེ། ཁོང་ནི་དཀའ་ངལ་ལ་མི་སྐྲག་པ་དང་། ལས་ལ་བརྩོན་པ། གཞུང་དྲང་བའི་རང་གཤིས་བཅས་ལྡན་པའི་བུད་མེད་ཚད་ལྡན་ཞིག་ཡིན་པས་ཁོ་མོའི་མིག་ལྟོས་བཟང་པོ་ཞིག་ཏུ་བརྩི་བཞིན་ཡོད། ཨ་མ་ལགས་ཁྱེད་ཀྱིས་ང་ཚོ་བུ་ཕྲུག་དྲུག་གི་ཆེད་དུ་དཀའ་ངལ་དུ་མ་བསྐྱོན་ནས་ཐུགས་ཁྲལ་མེད་པའི་ཉིན་མོ་ཞིག་ཧ་ལམ་སྐྱེལ་མྱོང་མེད།

ཨ་མ་ལགས། སྐུ་ལས་ཁག་སོང་། ཁྱེད་ཡོད་པའི་དབང་གིས་ང་ལ་འཛད་མེད་ཀྱི་སྙིང་སྟོབས་དང་ད་ལྟའི་བདེ་སྐྱིད་ཀྱི་ཁྱིམ་ཚང་དེ་བྱུང་ངོ་། །ཡིན་ནའང་། བརྩེ་བའི་ཨ་མ་ལགས། འཚོ་བའི་ཁུར་པོ་ལྕི་མོའི་ཁྲོད་སྐབས་རེ་ཁྱེད་རང་ཡང་ངལ་གསོ་ཕྲན་ཙམ་གནང་རོགས་ཞུ། ཁྱེད་རང་སྐུ་ལས་ཁག་སོང་། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༧)

ཟུར་ཁྲིད་དགེ་རྒན། བློ་བཟང་སྒྲོལ་དཀར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明