ཁོ་པ་ནི་སྤྱོད་ཡོན་གཉིས་ལྡན་དང་། ཁེངས་སྐྱུང་གཟབ་ནན། མིག་རྒྱང་རིང་བ་བཅས་ཀྱི་སློབ་གྲོགས་ཚོའི་སློབ་སྦྱོང་གི་སྣེ་འདྲེན་པ་ཞིག་རེད། ཁོ་པའི་མིང་ལ་ཁྲི་ཙི་ཧན་ཟེར་བ་དང་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སློབ་ཆུང་དང་པོའི་ལོ་རིམ་བཞི་པའི་འཛིན་གྲྭ་(3)པ་ནས་རེད།
དཀའ་སྤྱད་ཁུར་དུ་བཟོད་ཅིང་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བའི་ཁྲི་ཙི་ཧན་གྱིས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་པ་དང་། དགེ་རྒན་གྱི་སློབ་ཁྲིད་ཀྱི་རྗེས་སུ་མ་ལུས་པ་བྱས་ཏེ་དགེ་རྒན་དང་སྤེལ་རེས་ཧུར་ཐག་དང་། སློབ་ཚན་གྲོལ་རྗེས་ཁོ་པས་རང་ཉིད་ལ་དུས་མཚམས་རང་བཞིན་དང་ཕུགས་ཀྱི་སློབ་སྦྱོང་དམིགས་ཚད་བཟོས་ཏེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སློབ་སྦྱོང་གི་རྣམ་འགྱུར་འཛིན་ཞིང་། ཁྲལ་སེལ་སླ་བཅོས་སྤུ་ཙམ་མི་བྱེད་པར་གཙོ་གནད་དང་དཀའ་གནད་རྣམས་མ་ཤེས་བར་དུ་སྦྱོང་བ། སློབ་གསེང་དུས་སུ་གཞན་ལ་སེམས་ཁུར་དང་རོགས་རམ་དང་། དོགས་གཞི་སེལ་རོགས། སློབ་སྦྱོང་ཐད་ཀྱི་དཀའ་ངལ་སེལ་རོགས་སོགས་ཀྱི་ལས་ལ་གཞོལ་བཞིན་མཆིས། སློབ་གྲྭས་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་རིམ་བཞིན་ཁོ་པས་རྟག་ཏུ་ཧུར་ཐག་ཞུགས་ནས་གཅེས་སེམས་མཚོན་པར་བྱེད་ཀྱི་ཡོད།
འཛིན་གྲྭའི་སྒྲིག་ཁྲིམས་ཨུ་ཡོན་ཡིན་པའི་ཁྲི་ཙི་ཧན་གྱིས་དགེ་རྒན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འཛིན་གྲྭ་དོ་དམ་ཡག་པོ་བྱེད་པ་མ་ཟད། ད་དུང་རང་དཔེ་གཞན་སྟོན་གྱིས་སློབ་སྦྱོང་ལ་བརྩོན་འགྲུས་ལྷོད་མེད་བྱས་པས། ཉེ་འགྲམ་གྱི་སློབ་གྲོགས་ལ་སྐུལ་མ་ཐེབས་ནས་འཛིན་གྲྭའི་ནང་ཧུར་བརྩོན་ཡར་སྐྱེད་ཀྱི་སློབ་སྦྱོང་གི་ཁོར་ཡུག་ཅིག་ཆགས་ཡོད། ཁོ་པའི་སློབ་སྦྱོང་གི་སྦྱངས་འབྲས་དང་བསམ་བློ་ཀུན་སྤྱོད་ལ་དགེ་རྒན་དང་སློབ་གྲོགས་ཚོའི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད།
སློབ་ཕྲུག་ཁྲི་ཙི་ཧན་ནི་འཛིན་གྲྭ་དེའི་ནང་དགའ་ཉེ་བརྩེ་ཕྱོགས་མང་བའི་སློབ་མ་ཞིག་ཡིན་པ་སྟེ། ལན་ཆིའུ་སྤོ་ལོ་དང་ཕིང་ཕང་སྤོ་ལོ་རྒྱག་པར་དགའ་པོ་ཡོད་པས་མ་ཚད། ད་དུང་ཡིག་གཟུགས་སྦྱོང་བར་དགའ་ཞིང་། སློབ་གྲྭས་སྒྲིག་འཛུགས་བྱས་པའི་རིག་རྩལ་བྱེད་སྒོ་ཕལ་ཆེ་བར་ཁོ་པའི་གཟུགས་བརྙན་མཐོང་རྒྱུ་ཡོད། དེས་མ་ཚད་ཁོ་པ་ནི“གྲགས་སྐར”ལ་དད་མོས་ཆེ་བ་ཞིག་ཀྱང་ཡིན་ཞིང་། ཙུང་ལི་ཀྲོའུ་ཨེན་ལའེ་ནི་ཁོ་པས་དད་མོས་ཆེན་པོ་བྱ་ཡུལ་ཞིག་རེད་ལ། ཁོ་པའི་སེམས་ནང་གི་བཀྲག་མདངས་ཆེ་ཤོས་ཀྱི་གྲགས་སྐར་ཞིག་རེད། ཁོ་པས་ཉིན་ཞིག་རང་ཉིད་ཕུལ་དུ་བྱུང་བའི་ཕྱི་འབྲེལ་དཔོན་ཞིག་ཏུ་གྱུར་ནས་རྒྱལ་སྤྱིའི་འཕོ་འགྱུར་ཁྲོད་མེས་རྒྱལ་གྱི་ཁེ་ཕན་སྲུང་སྐྱོང་ལ་འབད་རྒྱུའི་འདུན་པ་འཆང་གི་ཡོད།
ཁྲི་ཙི་ཧན་གྱིས“སྦྱངས་པ་ཇི་ཙམ་བྱས་པར་འབྲས་བུ་དེ་ཙམ་ཐོབ”ཅེས་པར་ཡིད་ཆེས་བརྟན་པོ་བྱེད་ཅིང་། ཁོ་པས་མེས་རྒྱལ་ལ་དགའ་ཞེན་དང་། སློབ་སྦྱོང་ལ་བརྩོན་འགྲུས། རང་ཡིད་རང་ཆེས། གཞན་ཕན་ལས་ལ་དགའ་བ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་ལོ་ཆུང་བཟང་པོའི་ཀུན་སྤྱོད་ཡག་པོ་མངོན་པར་བྱས་ཡོད།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།