西藏青年报藏文版གལ་ཆེའི་གསར་འགྱུར། མཐུན་སྒྲིལ་ལ་བརྟེན་འཕེལ་རྒྱས་སྐུལ་འདེད་བཏང་། བློ་སེམས་གཅིག་སྒྲིལ་འབད་འབུངས་མདུན་སྐྱོད་བྱེད། རྒྱལ་ཡོངས་སློབ་མ(གཞོན་ནུ)ཡི་ལུས་རྩལ་འགྲན་ཚོགས་སྐབས་དང་པོར་ཞུགས་མཁན་ལྷ་སའི་འཐུས་མི་ཚོགས་པར་གཟེངས་རྟགས་དང་པོ་ཐོབ་པ།

放大 缩小 默认

རྒྱལ་ཡོངས་སློབ་མ(གཞོན་ནུ)ཡི་ལུས་རྩལ་འགྲན་ཚོགས་སྐབས་དང་པོར་ཞུགས་མཁན་ལྷ་སའི་འཐུས་མི་ཚོགས་པར་གཟེངས་རྟགས་དང་པོ་ཐོབ་པ།

ཟླ་11ཚེས་5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སློབ་མ(གཞོན་ནུ)ཡི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི(ཡོངས་བསྒྲགས་ཚོགས་ཆུང)མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྐྱེས་པའི་སྤྱི་ལེ་10ཡི་འདུར་འགྲོས་རྣམ་གྲངས་ཀྱི་མཐའ་བསྡུར་ནང་། ལྷ་སའི་འཐུས་མི་ཚོགས་པའི་འགྲན་ཞུགས་བདམས་ཐོན་པ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལོ་17ལ་སླེབས་པའི་ན་གཞོན་ཆོས་འཛིན་ཉི་མས་སྐར་མ་41དང་སྐར་ཆ་46གི་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་ཀྱི་ཐོག་ནས་ཟངས་ཀྱི་རྟགས་མ་བླངས་པས། ལྷ་སའི་འཐུས་མི་ཚོགས་པར་སྐབས་འདིའི་འགྲན་ཚོགས་ཀྱི་གཟེངས་རྟགས་དང་པོ་དེ་ཐོབ་པ་རེད།

ལུས་རྩལ་ལ་དགའ་བའི་ཆོས་འཛིན་ཉི་མ་ནི་དམའ་རིམ་ལོ་རིམ་གསུམ་པ་འགྲིམ་སྐབས་རང་སྐྱོང་ལྗོངས་རྩལ་འགྲན་དོ་དམ་ལྟེ་གནས་འདུར་འགྲོས་རུ་ཁག་ནང་བདམས་པ་དང་སྐབས་དེ་དུས་ལོ་15རེད། ལོ་གཉིས་ལྷག་ཙམ་རིང་ཁོང་གིས་ཉིན་ལྟར་སྦྱོང་བརྡར་ཆུ་ཚོད་ལྔ་དྲུག་ཙམ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ནང་ཆོས་འཛིན་ཉི་མས་སྔོན་གྱི་སྤྱི་ལེ་4ལ་རྗེས་བསྙེགས་ནས་ཕྱིན་པ་དང་རྗེས་ཀྱི་སྤྱི་ལེ་6ཙམ་ལ་སླེབས་དུས་མྱུར་ཚད་མགྱོགས་སུ་བཏང་བས་མདུན་གྲལ་དུ་སླེབས་ཡོད། “ད་ཐེངས་ཨང་གསུམ་པ་ཐོབ་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་། འགྲན་བསྡུར་ཆེན་པོ་འདི་རིགས་ནང་ཞུགས་ཐེངས་དང་པོ་ཡིན་པས་འགྲན་བསྡུར་འགོ་ཚུགས་མ་ཐག་པའི་སྐབས་སུ་སེམས་འཚབ་བྱུང་། འོན་ཀྱང་རྩལ་ཁྲིད་པས་ང་རང་གི་ཁྱད་ཆོས་ལ་གཞིགས་ནས་བཟོས་པའི་འགྲན་བསྡུར་བྱ་ཐབས་ལ་བརྟེན་ནས་མགྱོགས་མྱུར་སེམས་ཁམས་ལྷོད་དུ་ཕྱིན་སོང་། ཕྱིས་སུ་ངས་སྦྱོང་བརྡར་ཧུར་ཐག་བྱས་ཏེ་སླད་ཕྱིན་གྱི་འགྲན་བསྡུར་ནང་གྲུབ་འབྲས་དེ་བས་ཡག་པ་ཞིག་ལེན་ཐུབ་པར་བྱས་ནས་བོད་ལ་གཟི་བརྗིད་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་རྒྱལ་ཡོངས་ཀྱི་ཆེད་ལས་བདམས་ཐོན་པ་28ཁྲོད་ནས་འབུར་དུ་ཐོན་པའི་ཆོས་འཛིན་ཉི་མས་དགའ་སྤྲོའི་ངང་བཤད།

“འགྲན་བསྡུར་མ་བྱས་གོང་ལྷ་སའི་འཐུས་མི་ཚོགས་པས་དུས་ཡུན་ཟླ་བཞི་ལྔ་ཙམ་གྲ་སྒྲིག་བྱས་པ་དང་ཉིང་ཁྲིར་ཆེད་ལས་སྦྱོང་བརྡར་བྱས་པ་རེད། ཆོས་འཛིན་ཉི་མའི་ད་ཐེངས་ཀྱི་གྲུབ་འབྲས་ཧ་ཅང་ལེགས་སུ་ཕྱིན་པ་དེ་ཁོང་གི་དཀའ་སྤྱད་སྦྱོང་བརྡར་་བྱས་པ་དང་ཁ་འབྲལ་ཐབས་མེད། གྲུབ་འབྲས་ཡག་པོ་དེ་འདྲ་ཐོབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། གོམ་སྟབས་རྗེས་མར་ངས་ལུས་རྩལ་པ་འདེམས་པ་སོགས་ལ་སྔར་བས་འབད་བརྩོན་བྱས་ཏེ། རང་ལྗོངས་སུ་འདུར་འགྲོས་རྣམ་གྲངས་ལ་འཚམ་པའི་ཕུལ་བྱུང་ལུས་རྩལ་པ་དེ་བས་མང་བ་འདེམས་ཐུབ་པ་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་རྩལ་འགྲན་དོ་དམ་ལྟེ་གནས་འདུར་འགྲོས་རྣམ་གྲངས་ཀྱི་རྩལ་ཁྲིད་པ་གཙོ་བོ་ཧྲའན་ཤིས་ཀྱི་བོད་སྐྱོར་ལས་བྱེད་པ་ཧྥུའུ་གོ་ཆང་གིས་ཕུགས་འདུན་ཆེན་པོ་འཆང་བཞིན་བཤད།

གཞན་ཡང་རྒྱལ་ཡོངས་སློབ་མ(གཞོན་ནུ)ཡི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི(ཡོངས་བསྒྲགས་ཚོགས་ཆུང)མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་བུད་མེད་ཀྱི་སྤྱི་ལེ་10ཡི་འདུར་འགྲོས་རྣམ་གྲངས་ཀྱི་མཐའ་བསྡུར་ནང་ལྷ་སའི་འཐུས་མི་ཚོགས་པའི་འགྲན་ཞུགས་བདམས་ཐོན་པ་པད་མ་སྒྲོལ་མས་སྐར་མ་47དང་སྐར་ཆ་17གྱི་གྲུབ་འབྲས་ཐོག་ནས་ཨང་བཞི་པ་བླངས་པ་རེད།

ལྷག་པ་ཚེ་རིང་གིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明