རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་རེད། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་ལ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་སྐྱེད་སྲིང་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས་ལ་ཞུན་བརྡར། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་ལག་བསྟར་བཅས་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་དང་དར་སྤེལ་ཤུགས་ཆེན་གཏོང་དགོས་པའི་བཀའ་མངགས་གནང་བ་རེད།
གནའ་སྔ་མོ་ནས་བཟུང་རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་དུ་རྒྱུག་པ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སྲུང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད། “རྒྱལ་ཁབ་དོན་དུ་རང་སྲོག་བློས་གཏོང་ཕོད་པས། གེགས་ལ་འབྱོལ་ཞིང་བདེ་ལ་འབྱར་མི་སྲིད་པའི”ལིན་ཙེ་ཞུས་ནས“རང་སྲོག་བློས་གཏོང་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”ལུའུ་ཤུན་བར་དང་། “ཆིང་སྲིད་གཞུང་མཐར་སྐྲོད་བཏང་ནས་ཀྲུང་ཧྭ་སླར་གསོ་བྱེད”ཅེས་འདོན་མཁན་སུན་ཀྲུང་ཧྲན་ནས“ཀྲུང་ཧྭ་དར་རྒྱས་ཀྱི་ཆེད་སློབ་སྦྱོང་བྱེད་པའི”བརྗིད་ཆེའི་ཕུགས་འདུན་སྒྲུབ་མཁན་ཀྲོའུ་ཨེན་ལའེ་བར། དཀའ་སྤྱད་ཚད་མེད་ཀྱི་རི་འགོག་དམག་འཁྲུག་ནས་ཨ་འགོག་ཁྲའོ་རོགས་བར། རྒྱལ་རྩེའི་དབྱིན་འགོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་རྦད་དེ་མཐར་སྐྲོད་བཏང་བའི་བར་བཅས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ཀྱིས་མེས་རྒྱལ་འཚོ་གནས་དང་འཕེལ་རྒྱས་ཆེད་སྔོན་འགྱེལ་རྗེས་མཐུད་དང་འབད་འཐབ་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད།
དུས་རབས་གསར་པར་སླེབས་པས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཤེས་ལྡན་པར་གྱུར་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདུ་ཤེས་ཟབ་མོ་འཛུགས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། དུས་ཚོད་དམ་འཛིན་བྱེད་པ། ཤེས་བྱ་སློབ་སྦྱོང་དང་འཇོན་ཐང་ཆེ་རུ་ཧུར་ཐག་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆར་གོ་བ་གཏིང་ཟབ་ལེན་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གནང་བའི་ཐུགས་ཁུར་མྱོང་ཚོར་ཟབ་མོ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་ཞིག་ཧུར་ཐག་བྱེད་དགོས།
གཞོན་ནུ་ལོ་ཆུང་གི་དུས་སྐབས་ནི་རིན་ཐང་གི་ལྟ་བ་དང་། མི་ཚེའི་ལྟ་བ། མེས་རྒྱལ་གྱི་ལྟ་བ། མི་རིགས་ཀྱི་ལྟ་བ་བཅས་གྲུབ་པའི་འགག་རྩའི་དུས་སྐབས་ཤིག་ཡིན། ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས“ཕྱོགས་གསུམ་གཞི་གཅིག”གི་ནུས་པ་གང་ལེགས་བཏོན་ཏེ། སློབ་གྲྭ་ནས་དམ་འཛིན་དང་ཕྲུ་གུ་ནས་དམ་འཛིན་བྱེད་པ་དང་ཀྲུང་ཧྭ་ལ་དགའ་ཞེན་གྱི་བརྩེ་སེམས་ཕྲུ་གུ་ཚང་མའི་སེམས་ལ་འཇགས་ནས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རོགས་བྱེད་དགོས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་མི་སྒེར་གྱི་ཕུགས་བསམ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་དང་མཉམ་འདྲེས་ཐུབ་པར་བྱས་ཏེ། ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་བཟོད་ཐུབ་པ། འབད་འཐབ་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱས་ནས། དུས་རབས་གསར་པའི་བྱ་གཞག་ལ་ཧུར་ཐག་ཞུགས་ཏེ་འབྱུང་འགྱུར་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་གཙོ་ཤུགས་དམག་ཅིག་ཏུ་འགྱུར་བར་བྱེད་དགོས།
ལྷག་ཚེ་དང་ཚེ་དབང་ལྷ་མོས་བསྒྱུར།