西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དྲོ་སྐྱིད་ལྡན་པའི་འཚོ་བ། ༄༅། །བརྩེ་བའི་རྒན་ལགས། ༄༅། །སྨོན་འདུན།

放大 缩小 默认

༄༅། །དྲོ་སྐྱིད་ལྡན་པའི་འཚོ་བ།

□ 作者 བུང་ཆུང་།

གུང་གསེང་དང་ངལ་གསོའི་སྐབས་སུ་སློབ་མ་ཕན་ཚུན་སྐད་འཕྲིན་ནས་སྐད་ཆ་བཤོད་པའི་སྐབས་སུ། སློབ་མ་རྣམས་ཀྱིས་བློ་ངོར་རང་ཉིད་འཛིན་གྲྭའི་ནང་དུ་ཡོད་ན་ཅི་མ་རུང་སྙམ་གྱི་ཡོད་ལ། སློབ་མ་རང་ཉིད་སློབ་གྲྭའི་ནང་ལ་ཡོད་དུས་ནང་ལ་ལོག་འདོད་བྱེད་ཀྱི་ཡོད་པ་རེད། ང་རང་ནི་བརྗེད་དྲན་ཡུལ་དྲན་ཞེས་པ་ལྟར་སློབ་གྲྭའི་ནང་དུ་ཡོད་སྐབས་ཕ་ཡུལ་ལ་ཤིན་ཏུ་ལོག་འདོད་པ་དང་། ཡང་ཕ་ཡུལ་ལ་ཡོད་པའི་སྐབས་སུ་སློབ་གྲྭར་ཤིན་ཏུ་ལོག་འདོད་པའི་སློབ་མ་ཞིག་ཡིན། འོན་ཀྱང་ད་ཐེངས་འདི་ནི་རྣམ་ཀུན་དང་རྩ་བ་ནས་མི་འདྲ།

ནམ་མཁའི་ནོར་བུ་སྔར་བཞིན་ཨ་སྔོན་དབྱིངས་སུ་འཆར་བཞིན་འདུག ང་རང་སྒོ་རའི་ནང་གི་རྐུབ་སྟེགས་སྟེང་དུ་བསྡད་ནས་སློབ་གྲྭའི་ནང་གི་གནས་ཚུལ་དག་རྨོ་བོ་ལགས་ལ་ཤོད་བཞིན་ཡོད། “རྨོ་བོ་ལགས། ཉི་མ་འདི་འདྲའི་སྐྱིད་པ་ལ་ཨང་། གལ་ཏེ་སློབ་གྲྭའི་ནང་དུ་ཡིན་ཚེ་ང་རང་གཏན་འཁེལ་གྲོགས་མོ་དང་མཉམ་དུ་ལུས་རྩལ་ཐང་ཆེན་སྟེང་དུ་བསྡད་ཡོད” “བུ་མོ་ཁྱེད་ཀྱི་རོགས་པ་གང་ནས་རེད”རྨོ་བོ་ལགས་ཀྱིས་མ་ཎི་སྐོར་བཞིན་སྐད་ཆ་དྲིས། ཉིན་དགུང་ཡིན་པའི་རྐྱེན་གྱིས་ཉི་འོད་དེ་ཐད་ཀར་ཁོང་གི་ཐོད་པའི་སྟེང་དུ་འཕྲོས་ནས་མིག་གདངས་མི་ཐུབ་པར་གྱུར། ངས་ཁོང་ལ་ཞྭ་མོ་གཡོགས་ཞོར་དུ“རྨོ་བོ་ལགས། གཞིས་ཀ་རྩེ་ནས་རེད”རྨོ་བོ་ལགས་ཀྱིས“དེང་དུས་ཀྱི་འཚོ་བ་དངོས་གནས་སྐྱིད་པོ་རེད། ང་ཚོའི་སྐབས་སུ་ཁྱིམ་ཚང་ཆ་རྐྱེན་ཞན་པའི་དབང་གིས་མི་མང་ཆེ་བ་ཆུང་དུས་ནས་ལས་ཀར་འགྲོ་བ་དང་ཐ་ན་ཁ་བ་བབས་པའི་དུས་སུ་ཡང་རྐང་པ་དམར་རྗེན་དུ་ཁ་བའི་ནང་དུ་ལྕི་བ་སྒྲུག་པར་འགྲོ་དགོས་ཡོད”གསུངས། “རྨོ་བོ་ལགས། སྐབས་དེ་དུས་ལྷམ་མེད་པ་རེད་དམ”“དེ་འདྲ་མ་རེད། སྐབས་དེ་དུས་ལྷམ་ཡོད། ཡིན་ན་ཡང་མི་རེར་ཆ་གཅིག་ལས་མེད་པས་དེ་ལ་ཚང་མས་གཅེས་སྤྲས་བྱས་ཏེ་ལོ་གསར་དང་དུས་ཆེན་སྐབས་སུ་གྱོན་གྱི་ཡོད་པས་རྣམ་ཀུན་མང་ཆེ་བ་རྐང་རྗེན་མར་བསྡད་ཀྱི་ཡོད”དེ་དུས་ཨ་མ་ལགས་མར་ཕེབས་བྱུང་། ཁོང་གིས“ཁྱེད་གཉིས་ཅུང་ཙམ་སྒུག་ཨང་། ཉིན་དགུང་ཁ་ལག་མགྱོགས་པོ་ཡིན”ཞེས་གསུངས། ངས་རྨོ་བོ་ལགས་ལ་བསྐྱར་དུ“ད་བྱས་ན་གྱོན་ཆས་གང་འདྲ་ཡོད་དམ”རྨོ་བོ་ལགས་རྐུབ་སྟེགས་སྟེང་ནས་ལངས་ཏེ་འཁར་བ་དེ་ལག་ཏུ་བླངས་ནས་སྒོ་རའི་ནང་འཆམ་འཆམ་ཞིག་བྱས་ཏེ། ང་ལ“འདས་ཟིན་པའི་ཕ་མ་གཉིས་པོའི་བཀའ་དྲིན་ལས་ང་ཚོ་གཅེན་གཅུང་རྣམས་ལ་གྱོན་གོས་གཉིས་གསུམ་ཡོད། བུ་མོ་རྣམས་ལ་ཕྱུ་པ་ཕུ་ཐུང་ཡོད་པ་དང་ཕུ་ཐུང་མེད་པ། བུ་ཚོ་ལ་སྣམ་བུའི་སྟོད་ཐུང་དང་གོས་ཐུང་ཡོད། སྐབས་དེ་དུས་ཀྱི་མི་དེ་ཚོར་དེ་དག་ལས་མེད་ཀྱང་བློ་ཡིད་ཚིམ་གྱི་རེད”རྨོ་བོ་ལགས་ག་ལེར་རྐུབ་སྟེགས་སྟེང་དུ་བཞུགས་ནས་ཕྲེང་བ་བསྐོར། ང་རང་གིས་ཆུ་འཁོལ་མ་ཞིག་ཆུ་ཕོར་ནང་དུ་བླུགས་ནས་སླར་ཡང་ཁོང་གི་འགྲམ་དུ་ཕྱིན་པ་ཡིན“ད་རྨོ་བོ་ལགས། ང་ལ་ཁྱེད་རང་གི་བྱིས་དུས་སྐོར་གསུངས་དང་། ང་ནི་ཁྱེད་ཀྱི་སྤྱན་འོག་ལ་འཚར་ལོངས་བྱུང་བས་ཁྱེད་རང་ལ་བཤད་དགོས་དོན་མེད”ང་གཉིས་ཕྲན་ཙམ་གད་མོ་བགད་རྗེས་ཁོང་གིས“ངས་ངེས་གསལ་ལ་ང་རང་ལོ་བརྒྱད་ལ་སླེབས་དུས་ཀྱི་ཉིན་གཅིག་ལ་ཨ་མ་ལགས་ཁོང་གི་ང་ལ་བལ་ལས་བསླབས་མྱོང་། ཉིན་རེར་འཆར་གཞི་བཟོས་ཏེ་ལས་འགན་མ་བསྒྲུབ་ན་ཁ་ལག་ཀྱང་མེད། ཉིན་དེར་ང་རང་ཐལ་རྩེད་ལ་མགོ་གཡེངས་ཏེ་བལ་ལས་བརྗེད་འདུག འོན་ཀྱང་གྲོད་པ་ནས་སྐད་རྒྱག་གི་འདུག ངས་དེ་ཉིན་བློ་ཁོག་ཆེན་པོས་ཁྱིམ་དུ་ལོག་ནས་ཟ་མ་ཟ་བར་ཕྱིན་པ་ཡིན། སྟབས་ལེགས་པ་ཞིག་ལ་ཁྱིམ་དུ་མི་མི་འདུག”ཁོང་སླར་ཡང་གད་མོ་ཕྲན་ཙམ་དགོད་རྗེས་ཨམ་ཕྲག་ནང་ནས་ང་ལ་བྱི་རིལ་ཞིག་གནང་བྱུང“དེ་ནས་ངས་སྤགས་གཡོས་ནས་ཟ་གྲབས་བྱེད་སྐབས་ཞི་མི་གཟིག་ཁྲ་ཁོ་འགྲམ་དུ་སླེབས་བྱུང་། ད་ལྟ་བསམ་བློ་བཏང་ན་དངོས་ནས་སྡིག་པ་རང་རེད། ངས་ཐབ་ཚང་ནང་ནས་སུར་པན་བླངས་ཏེ་སྤགས་ལ་འདྲེས་ནས་ཞི་མི་ལ་སྟེར་པ་མ་ཟད་ཞི་མིའི་གཞུ་གུའི་སྟེང་ལ་རས་དམར་པོ་ཞིག་བཏགས་པ་ཡིན། ཧ་ཧ་ཧ། ཞི་མི་དེ་སུར་པན་གྱིས་ཁ་ཚ་ནས་མཆོང་ལྡིང་བྱེད་དུས་རང་གི་གཞུ་གུའི་སྟེང་གི་རས་དེ་མཐོང་ནས་སྐོར་བ་དང་སྐོར་བ་བརྒྱབ” “ཞལ་ལག་ལ་ཕེབས་རོགས” “ད་ཡིན་ན་མི་རྒས་པའི་བྱིས་སེམས་མི་ཆེན་པོའི་ཆུང་གླུ་རང་རེད་འདུག དེ་ལས་ང་གཉིས་ཁ་ལག་ཟ་བར་འགྲོ” རྨོ་བོ་ལགས་ཁོང་གིས་ཐེམ་སྐས་འཛེགས་ཞོར་དུ“ཁ་ལག་གི་དྲི་ཞིམ་འཐུལ་བྱུང་། ཆུང་དུས་ཡིན་ན་སྤགས་གཅིག་པུ་ལས་མེད་ཀྱང་ཁ་ལ་བཟའ་རྒྱུ་ཡོད་པ་ཙམ་གྱིས་དགའ་སྣང་ཆེན་པོ་ཡོད། དེང་སང་ཟས་རིགས་འདྲ་མིན་སྣ་ཚོགས་ཡོད་ཀྱང་ལོ་ཆུང་རྣམས་ཀྱིས་དགའ་པོ་བྱེད་ཀྱི་མི་འདུག”རྨོ་བོ་ལགས་ཀྱིས་འཁར་བ་དེ་ཅོག་ཙེའི་འགྲམ་དུ་བཞག གདན་སྟེང་ཉི་འོད་ཕོག་པའི་ས་དེར་ཨ་མ་ལགས་ཀྱིས་རྨོ་བོ་ལགས་ལ་རྐང་གདན་འདིང་གིན“རྨོ་བོ་ལགས་འཁྱགས་མ་བྱུང་ངམ”ཞེས་ངག་འཇམ་གྱིས་དྲིས། “མ་བྱུང་མ་བྱུང་། དེ་རིང་ཉི་མ་ཚ་པོ་འདུག” “ལགས་སོ། །ད་ཡིན་ན་ཞལ་ལག་སྤྲོ་པོ་གནང་རོགས” རྨོ་བོ་ལགས་ཁོང་གིས་ང་ལ་གཟིགས་ཙམ་གནང་སྟེ“བུ་མོ་རང་འདི་རུ་སྡོད་དང་། ངའི་ཕོར་པའི་ནང་གི་ཤ་འདི་དག་ཁྱེད་རང་གིས་བཟོས་ཨང་། ང་རང་ལ་སོ་མེད་པས་ཟ་ཐུབ་ས་མ་རེད”ངས་གད་མོ་བགད་ཀྱིན་ཁོང་གི་ཕོར་པའི་ནང་གི་ཤ་དག་ང་རང་གི་ཕོར་པའི་ནང་དུ་བླུགས་པ་ཡིན། ཁོང་གིས་བསྐྱར་དུ“བུ་མོ་རང་གི་སློབ་གྲྭའི་ཁ་ལག་ཡག་པོ་འདུག་གམ”“རྨོ་བོ་ལགས། སློབ་གྲྭའི་ཁ་ལག་ཞིམ་པོ་འདུག། ཟ་ཁང་ཐོག་སོ་དང་པོར་རིན་མེད་པར་ཁ་ལག་བཟའ་རྒྱུ་ཡོད་པ་དང་། ཐོག་བརྩེགས་གཉིས་པ་ནས་དངུལ་སྤྲད་དེ་རང་ཉིད་ཀྱི་དགའ་མོས་ལྟར་བཟའ་ཆོག” རྨོ་བོ་ལགས་ཀྱིས་ཞྭ་མོ་ཕུད་ནས“ད་འཚོ་བ་སྐྱིད་པོ་རེད། སྔོན་མ་ང་རང་དངུལ་བསགས་པར་འགྲོ་དུས་ནང་ནས་ཤ་དང་སྤགས་ཁྱེར་དགོས། གལ་ཏེ་ཐག་རིང་པོ་ཡོད་ཚེ་ཟ་མ་རྫོགས་ཀྱང་སྡུག་རུས་བྱས་ནས་ལྟོགས་སྐོམ་བརྒྱབ་རྒྱུ་ལས་མེད། ད་ཡིན་ན་འཚོ་བ་དངོས་གནས་སྐྱིད་པོ་རེད་འདུག”ཨ་མ་ལགས་ཀྱིས“འོ་ཙི། དཔེ་ལ། ང་རང་སྐྱེ་རྒྱུ་སྔ་དྲགས་ཤག”སྐད་ཆ་འདི་ཐོས་རྗེས་ང་ཚོ་ཚང་མ་བགད་མོས་མིག་ཆུ་ཡང་ཤོར་རོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明