西藏青年报藏文版གལ་ཆེའི་གསར་འགྱུར། ཀྲོང་ཡན་2023ལོའི་བོད་ཀྱི་ཆེད་དོན་དང་བླངས་པའི་རྡོག་ཐོན་མཛད་སྒོར་ཞུགས་པ། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་དྲང་གཞག་ངང་དཔྱད་དཔོག་བྱེད་དགོས། འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འགོ་ཚུགས་པ།

放大 缩小 默认

འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འགོ་ཚུགས་པ།

ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་ནས་ད་ཐེངས་ཀྱི་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ། ཚའེ་ཆི་དང་ཏིང་ཤུའེ་ཞང་དང་དེ་བཞིན་འཛམ་གླིང་གི་ས་

ཟླ་7ཚེས་28ཉིན། འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ཚའེ་ཆི། ཏིང་ཤུའེ་ཞང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་འགོ་ཚུགས་མཛད་སྒོར་ཕེབས་པའི་གནས་ཚུལ་ཡིན་པ།

འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ཚེས་28ཉིན་གྱི་དགོང་མོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་སྦྲགས། ད་རེས་ཀྱི་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

ཚའེ་ཆི་དང་ཏིང་ཤུའེ་ཞང་དང་དེ་བཞིན་འཛམ་གླིང་གི་ས་གནས་ཁག་ནས་ཕེབས་པའི་འགོ་ཁྲིད་པ་དང་སྐུ་མགྲོན་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

ས་སྲོས་མཚམས་སུ། ཏུང་ཨན་མཚེའུ་ལུས་རྩལ་སྤྱི་གླིང་གི་ལུས་རྩལ་ཐང་ཨ་མའི་གློག་འོད་རྣམ་པར་བཀྲ འགོ་ཚུགས་མཛད་སྒོ་མ་འཚོག་གོང་། ཁྲེང་ཏུའུ་ནས་ཡོང་བའི་མཐོ་སློབ་ཀྱི་སློབ་གྲྭ་ཆེ་མོ་བ་ཚོས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རིག་རྩལ་འཁྲབ་སྟོན་བྱས་པས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར།

ཆུ་ཚོད་19དང་སྐར་མ་58ཙམ་ལ《ཞི་བདེ། ལས་དབང་གཅིག་མཐུན་འདུས་གྲུབ》ཅེས་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཨེ་ཏེ་སོགས་དང་ལྷན་དུ་ཀྲུའུ་ཞི་སྡིངས་ཆའི་སྟེང་ཕེབས་ནས་ལྟད་མོ་བ་ཚོར་ཕྱག་གཡུག་གཡུག་གནང་སྟེ་འཚམས་འདྲི་ཞུས་པ་དང་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

དགའ་འབོད་ཁྲོད་ཚོན་ཁྲ་ཅན་གྱི་ཤོག་སྦག་སྣ་ཚོགས་སྤར་བ་དང་ཆབས་ཅིག ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས།

ཏ་ལེང་ཧྲན་གྱི་ཕྲུ་གུ་ཚོས《རྒྱལ་དར་རྒྱལ་དར་ཧ་ཅང་མཛེས》ཞེས་པ་འཁྲབ་སྟོན་དང་མི་རིགས་56གི་གཞོན་ནུས《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པ་མཉམ་དུ་བཏང་བ་མ་ཟད། གཟབ་སྦྲེང་དམག་8ཀྱིས་གོམ་སྟབས་བརྟན་པོའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་སྲུང་བཞིན་ཚོགས་རར་འོང་འཕྲལ་ཚང་མ་ཡར་བཞེངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་ཤིང་། སྐར་ལྔའི་དར་དམར་དལ་གྱིས་མཐོན་པོར་བསྒྲེངས་བ་དང་ཆབས་ཅིག རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

ཆུ་ཚོད་20དང་སྐར་མ་07ཙམ་ལ། ལུས་རྩལ་པ་འགྲན་རར་འཛུལ་བའི་མཛད་སྒོ་འགོ་ཚུགས་པ་དང་། རྒྱལ་ཁབ་དང་ས་ཁུལ་113ནས་ཡོང་བའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འཐུས་མི་ཚོགས་པ་སྔ་རྗེས་སུ་ཚོགས་རར་འབྱོར་སྐབས་ལྟད་མོ་བས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོའི་འཐུས་མི་ཚོགས་པ་འགྲན་རར་མཇུག་ཤོས་སུ་འཛུལ་སྐབས་ཞི་ཅིན་ཕིང་གིས་ཕྱག་གཡུག་གཡུག་གནང་སྟེ་འཚམས་འདྲི་ཞུས་པས་ཚོགས་ར་ཡོངས་དགའ་སྤྲོ་རབ་ཏུ་འཁོལ་ནས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་ཁེངས། ཀྲུང་གོའི་འཐུས་མི་ཚོགས་པར་མི་700ལྷག་ཙམ་ཡོད་པའི་ཁྲོད་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་411ཡོད། ད་རེས་ཀྱི་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ལ་ཁྱོན་འགྲན་བསྡུར་རྣམ་གྲངས་ཆེན་པོ་18ཡོད་པ་རེད།

ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཧོའེ་ཅིན་ཕུང་གིས་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཚབ་ཞུས་ནས་འཛམ་གླིང་ས་གནས་ཁག་གི་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་ལུས་རྩལ་པ་དང་། རྩལ་འཁྲིད་པ། ལག་རྩལ་དཔོན། སྐུ་མགྲོན་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་མ་ཟད། ཁྱེད་རྣམས་ཀྱིས་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་དང་། ལང་ཚོའི་ཉམས་བཟང་ངོམ་པ། མཐུན་སྒྲིལ་དང་མཛའ་གཅུགས་ཟབ་ཏུ་གཏོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།

རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཨེ་ཏེ་ཡིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་སྲིད་གཞུང་དང་། སི་ཁྲོན་ཞིང་ཆེན། ཁྲེང་ཏུའུ་གྲོང་ཁྱེར་དང་དེ་བཞིན་དེར་ཞུགས་ཚང་མས་ཐུན་མོང་ཐོག་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་བཏོད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པར་སྨོན་འདུན་བཟང་པོའང་ཞུ་རྒྱུ་ཡིན་ཞེས་གསུངས།

ཆུ་ཚོད་21དང་སྐར་མ་16ཙམ་ལ་ཚང་མས་ཡུན་རིང་རེ་སྒུག་བྱེད་པའི་འགོ་ཚུགས་མཛད་སྒོ་འགོ་ཚུགས་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་དངོས་སུ་འགོ་འཛུགས་པའི་ཁྱབ་བསྒྲགས་གནང་ཞིང་། དེ་འཕྲལ་ཚོགས་ར་ཡོངས་དགའ་སྤྲོའི་རྣམ་པས་ཁེངས་ལ་ཚོན་ཁྲ་ཅན་གྱི་ཤོག་སྦག་སྤར་ནས“དགའ་བསུ་ཞུ”ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་ཡིག་འབྲུ་གསལ།

རང་རྒྱལ་གྱི་ཕུལ་བྱུང་གཞོན་ནུ་ལུས་རྩལ་པ་དང་དང་བླངས་པའི་འཐུས་མི་8ཀྱིས་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་འཁྱེར་ནས་འགྲན་རར་འཛུལ་བ་རེད། རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གླུ་བཏང་བ་དང་ཆབས་ཅིག རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་དལ་གྱིས་བསྒྲེངས་ནས་སྐར་ལྔའི་དར་དམར་དང་མཉམ་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

ལུས་རྩལ་པ་ཐང་ཙེ་ཐིང་དང་ཤན་འབྱེད་པ་ལིའུ་ཅང་གིས་འགྲན་ཞུགས་ལུས་རྩལ་པ་དང་ལག་རྩལ་དཔོན་ཡོངས་ཀྱི་ཚབ་ཞུས་ཏེ་དམ་བཅའ་བཞག་པ་རེད།

དེ་རྗེས་རིག་གནས་དང་ལུས་རྩལ་འཁྲབ་སྟོན《ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད》ཅེས་པ་ངོ་མཚར་ཆེན་པོས་འཁྲབ་པ་དང་། འཁྲབ་སྟོན《ལང་ཚོའི་འོད་ཟེར》དང་། 《ལང་ཚོའི་སྟོབས་ཤུགས》 《ལང་ཚོའི་མཛའ་གྲོགས》བཅས་ཁག་གསུམ་དུ་དབྱེ་ཡོད།

ཆུ་ཚོད་21དང་སྐར་མ་40ལ་དཔལ་འབར་གཙོ་བོ་སྤོར་བའི་མཛད་སྒོ་འགོ་ཚུགས་པ་རེད། འདས་ཟིན་པའི་ཟླ་གཅིག་ལྷག་ཙམ་ནང་དབྱི་ཐ་ལིའི་ཏུའུ་ལིང་ནས་བླངས་པའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་སྔ་རྗེས་སུ་པེ་ཅིང་དང་། ཧར་པིན། ཧྲེན་ཀྲེན། ཁྲུང་ཆིང་། དབྱི་པིན། ཁྲེང་ཏུའུ་སོགས་ཀྱི་མཐོ་སློབ་མང་པོར་བརྒྱུད་སྤྲོད་བྱས་པ་དང་མཐར་ཏུང་ཨན་མཚེའུ་ལུས་རྩལ་སྤྱི་གླིང་གི་ལུས་རྩལ་ཐང་ཨ་མར་འབྱོར་བ་རེད།

འགྲན་རའི་དབུས་སུ་ཀྲུང་གོའི་རིག་གནས་ཤུལ་བཞག་གི་མཚོན་རྟགས“ཉི་མའི་ལྷ་བྱའི”རི་མོ་བཀོད་པའི་མེ་གཞོང་དལ་གྱིས་བསྒྲེངས་པ་དང་། འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཧྥུའུ་སོགས་དཔལ་འབར་འཁྱེར་མཁན་31གིས་དཔལ་འབར་མཐོན་པོར་བཏེགས་ནས་ཚོགས་རར་འཛུལ་བ་རེད། སྐྱེ་བོ་ཀུན་གྱི་དོ་སྣང་ཁྲོད་དཔལ་འབར་འཁྱེར་མཁན་རྣམས་མེ་གཞོང་མདུན་དུ་རྒྱུགས་ནས་སྐོར་བ་ཞིག་བརྒྱབ་སྟེ་ལག་ནང་གི་དཔལ་འབར་གྱིས“ཉི་མའི་ལྷ་བྱར”མེ་སྤར་བས་ཡུད་ཙམ་ནང་འོད་ཟེར་ཕྱོགས་བཅུར་འཕྲོས། ལུས་རྩལ་འགྲན་ཚོགས་ཀྱི་མེ་མཆོག་རབ་ཏུ་འབར་ཏེ་ཉི་ཟེར་ལྟ་བུའི་འོད་སྟོང་འཕྲོས་ནས་འཛམ་གླིང་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་སྨོན་འདུན་བཟང་པོ་བརྒྱུད་སྤྲོད་བྱས་ཡོད།

འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་གྱི་གྲས་སུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོའོ་དང་སྐུ་ཟླ་དབྱི་ལི་ཡཱ་ནཱ་དང་། མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཚི་ཝ་ཉི། པུ་རུན་ཏིའི་ཙུང་ཐུང་ཨེན་ཏ་དབྱི་ཧྲི་སྨི་ཡེ། ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི། འཇོར་ཇི་ཡའི་ཙུང་ལི་ཅ་ལི་པཱ་ཧྲེན་ཝུའེ་ལི་བཅས་ཡོད་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明