ཐང་དཀར་རྒོད་པོ་གཤོག་རྩལ་ངོམ་ཞིང་། སྐལ་བཟང་མེ་ཏོག་འཛུམ་གྱིས་བཞད་པའི་གནས་མཆོག ། མཐའ་བཞི་གངས་རིས་བསྐོར་ཞིང་རི་ཀླུང་སྨན་རྩྭས་ཁེངས་པའི་ཕ་ཡུལ་ལགས། ཁྱེད་ཀྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་གྱིས་ངོ་མ་ང་ལ་ཡིད་ཆེས་དཀའ་བའི་ཚོར་སྣང་ཞིག་སྦྱིན།
ཟླ་བ་གོང་མར་ངས་རང་ཁྱིམ་གྱི་གྱང་ལྡེབས་ནས་བོད་རྙིང་པའི་སྐབས་ཀྱི་པར་རིས་ཤིག་མཐོང་བྱུང་། སྐབས་དེའི་དུས་ཀྱི་བོད་དང་ད་ལྟའི་བོད་ནི་ངོ་བོ་ཡོངས་སུ་ཐ་དད་དུ་གྱུར་འདུག །དེ་བཞིན་དུ་བགྲེས་སོང་རྣམས་ཀྱིས་ཁ་རྒྱུན་ནས་ཀྱང་བདག་གི་ཕ་ཡུལ་འཕོ་འགྱུར་སྐོར་གྱི་གཏམ་རྒྱུད་མང་པོ་ཐོས་མྱོང་། སྤྱི་ཚོགས་རྙིང་པ་དང་བསྡུར་ན་ད་ལྟའི་མི་རྣམས་ཀྱི་འཚོ་བ་ནི་ལྷ་ཡུལ་གྱི་བདེ་སྐྱིད་དངོས་སུ་མི་ཡུལ་དུ་ལོངས་སུ་སྤྱོད་པ་ལྟ་བུར་གྱུར་ཡོད།
སྔར་བདག་གི་ཕ་ཡུལ་གྱི་སྲང་ལམ་ཡིན་ནའང་འདྲ། ཁྲོམ་གཞུང་སོགས་ཕྱོགས་གང་སར་ཐལ་རྡུལ་དང་སྙིགས་རོས་གང་ཞིང་། ལམ་ཡོངས་འབར་འབུར་དང་འདམ་རྫབ་ཀྱིས་ ཁྱབ་སྟེ་ཤིན་ཏུ་འགྲོ་བསྐྱོད་མི་བདེ་བ་ཡོད་ན་ཡང་། ད་ལྟ་ནི་སྲང་ལམ་དང་དེ་བཞིན་མངོན་གསལ་མི་དོད་པའི་ཁུག་ཀྱོག་སོགས་གང་དུ་བལྟས་ཀྱང་གཙང་མར་གནས་ཤིང་། རྒྱུན་དུ་མི་རྣམས་ཀྱིས་ཧ་ལམ་སྐར་ཆ་བཅུའི་ནང་ལ་གཙང་སྦྲ་ཐེངས་རེ་བྱེད་པ་མིན་ནམ་སྙམ་པའི་ཐེ་ཚོམ་སྐྱེ་རུ་འཇུག །དེ་ནི་ཆེས་བརྗོད་རིན་མེད་པའི་དོན་ཆུང་ཕྲ་མོ་ཞིག་སྟེ། གཙང་སྦྲའི་ཐད་ཀྱི་འཕོ་འགྱུར་གྱི་རྣམ་པ་ཙམ་རེད། ཕ་ཡུལ་གྱི་འཛུགས་སྐྲུན་བཀོད་པའི་ཆ་ནས་མཚོན་ན་ནང་སའི་གྲོང་ཁྱེར་ཁག་དང་བསྡུར་ཐུབ་པ་འདུག་སྙམ་པའི་རློམ་སེམས་ཤིག་འགོག་མེད་དུ་སྐྱེ་བ་དང་། རྒྱུན་ལྡན་འཚོ་བའི་ནང་བེད་སྤྱོད་བྱེད་པའི་ཚན་རྩལ་གྱི་ཅ་དངོས་རིགས་ཀྱང་ཤིན་ཏུ་ཕུན་སུམ་ཚོགས། མཚན་མོའི་དུས་སུ་གྲོང་ཁྱེར་གྱི་ཕྱོགས་གང་སར་གློག་སྒྲོན་ནི་ནམ་མཁའི་སྐར་ཚོགས་བཞིན་མ་ཁྱབ་ས་མེད་པ་དང་། དེས་ཕ་ཡུལ་གྱི་མཚན་ལྗོངས་ལ་མཛེས་རྒྱན་གསར་པ་ཞིག་སྤྲས་ཡོད། ལྷག་ཏུ་གྲོང་གསེབ་ཁག་གི་སྡོད་ཁང་དང་གཙང་སྦྲ་སོགས་ཀྱང་བློ་ཡུལ་ལས་འདས་པའི་ཡར་རྒྱས་ཕྱིན་ཡོད།
གྲོང་མིའི་གཟུགས་པོའི་བདེ་ཐང་ཐད་ལ་ནི་མ་ཡུམ་མེས་རྒྱལ་གྱིས་སྨན་བཅོས་འགན་སྲུང་ལག་དེབ་བཟོས་པས་སྨན་རིན་དམའ་བ་དང་། རྫོང་གི་སྨན་ཁང་དུ་ཡང་སྔོན་ཐོན་གྱི་བརྟག་དཔྱད་ཡོ་ཆས་སྣ་ཚོགས་མཁོ་སྤྲོད་གནང་ཡོད་པ་མ་ཟད། ལག་རྩལ་མཐོ་བའི་ཆེད་ལས་ཀྱི་སྨན་པ་ཡང་མང་པོ་ཡོད་པས་དུས་ཐོག་ཏུ་སྨན་བཅོས་ཁག་ཐེག་བྱེད་ཐུབ། དཔལ་འབྱོར་ཐད་ལ་མཚོན་ན་ཚོང་ལས་བྱེད་མཁན་མང་དུ་སོང་བ་དང་། མང་ཚོགས་ཀྱི་ཞོར་ལས་སྣ་ཁ་འཛོམས་སུ་ཕྱིན་པ། ཆ་རྐྱེན་ཞན་པའི་ཁྱིམ་ཚང་ལ་ལས་ཞུགས་ཀྱི་གོ་སྐབས་སྣ་ཚོགས་མཁོ་སྤྲོད་བྱས་པ་སོགས་ཀྱིས་ཐུན་མོང་ཐོག་འཚོ་བའི་ཆུ་ཚད་གོང་འཕེལ་དུ་ཕྱིན་ཡོད་པ་རེད། ད་དུང་བསམ་པའི་དཔལ་ཡོན་གོང་འཕེལ་གཏོང་ཆེད་སློབ་གསོ་ལ་བརྩི་མཐོང་བྱེད་པ་དང་། གཡས་གཡོན་ལ་བསྐྱོད་དགོས་ན་དུད་ཚང་ཚང་མར་རླངས་འཁོར་མེད་པ་ཧ་ལམ་མེད་པས། སྔར་དང་བསྡུར་ན་འགྲོ་བསྐྱོད་ཤིན་ཏུ་སྟབས་བདེར་ཕྱིན་ཡོད།
ཨེ་མ། ཕ་ཡུལ་གངས་ཅན་ལྗོངས་སུ་རྣམ་པ་གསར་པ་དེ་འདྲ་ཞིག་འཆར་སྲིད་པ་བདག་གི་བསམ་པའི་ཡུལ་ལ་མེད། གཙང་སྦྲ་ལེགས་ཤིང་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་འདི་འདྲ་ཞིག་ཏུ་འཚོ་སྐལ་བྱུང་བ་ནི་ངོ་མ་བསོད་བདེ་རང་ཡིན། སླད་ཕྱིན་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ངེད་ཅག་གི་ཕ་ཡུལ་གངས་ལྗོངས་འཕོ་འགྱུར་ཇེ་མགྱོགས་དང་རྣམ་པ་ཇེ་གསར་དུ་འགྲོ་བའི་ཡིད་ཆེས་བརྟན་པོ་ཡོད་དོ། །
ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༤)
ཟུར་ཁྲིད་དགེ་རྒན། དགའ་བཟང་།