西藏青年报藏文版གལ་ཆེའི་གསར་འགྱུར། མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།

放大 缩小 默认

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས།

མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཟླ་7་པའི་ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་ཞིབ་འཇུག་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྔར་བས་སྤྱི་འདོམས་ཡག་པོ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་སྤྱི་འདོམས་ཡག་པོ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་སྤྱི་འདོམས་ཡག་པོ་བཅས་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་སླར་གསོ་བྱུང་བ་དང་ཁྱོན་ཡོངས་བསྐྱར་འཕར་དང་ལེགས་སུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཐོན་ལས་རིམ་སྤོར་ཐད་གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་བྱུང་བ། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན་ནུས་ལྡན་བྱུང་བ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཐུབ་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་ལེགས་པོ་བཏིང་ཡོད།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔའི་དཔལ་འབྱོར་འཁོར་རྒྱུག་ཐད་དཀའ་ངལ་དང་འགྲན་སློང་གསར་པ་འཕྲད་ཡོད་ཅིང་། གཙོ་བོ་ནི་རྒྱལ་ནང་གི་དགོས་མཁོ་མི་འདང་བ་དང་། ཁེ་ལས་ཁག་གཅིག་གི་གཉེར་སྐྱོང་དཀའ་ངལ་ཆེ་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཅུང་མང་བ། ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་ལ་ཛ་དྲག་པ་བཅས་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བརྟན་པོའི་ངང་བར་བརྒལ་བྱུང་རྗེས་དཔལ་འབྱོར་སླར་གསོ་བྱ་རྒྱུ་ནི་རླབས་གཤགས་རྣམ་པའི་འཕེལ་རྒྱས་དང་ཀྱག་ཀྱོག་རྣམ་པའི་མདུན་སྐྱོད་ཀྱི་བརྒྱུད་རིམ་ཞིག་རེད། རང་རྒྱལ་གྱི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་ལྡེམ་ཤུགས་དང་གཏིང་ཤུགས་ཆེན་པོ་ལྡན་པ་དང་ཡུན་རིང་ལེགས་པའི་ཕྱོགས་སུ་ཕྱོགས་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། གཞི་ཆེའི་སྲིད་ཇུས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་། གདེང་ཚོད་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་བཅས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྔོན་དཔག་རྒྱུན་མཐུད་ལེགས་སུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་རྒྱུན་མཐུད་སེལ་བ་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས། དཔལ་འབྱོར་ཐད་སྤུས་ཚད་ལེགས་སུ་ནུས་ལྡན་དང་འབོར་ཚད་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། སྲིད་ཇུས་ཀྱི་བར་མཐོངས་ཡག་པོ་སྤྱོད་པ་དང་ཤུགས་རྒྱག་ཕྱོགས་གནད་འཁེལ་བཙལ་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་སྨིན་ནུས་ལྡན་གྱི་སྒོ་ནས་གཞི་ཆེའི་སྙོམས་སྒྲིག་ལག་བསྟར་བྱས་ཏེ་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་དང་སྲིད་ཇུས་གསོག་འཇོག་ལ་ཤུགས་སྣོན་རྒྱག་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་རྒྱུན་མཐུད་བྱེད་པ་དང་། ལེགས་སུ་གཏོང་བ། འཐུས་སྒོ་ཚང་དུ་གཏོང་བ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། བསྡོམས་འབོར་དང་གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཚན་རྩལ་གསར་གཏོད་དང་། དངོས་ཚན་དཔལ་འབྱོར། ཁེ་ལས་འབྲིང་ཆུང་ཕྲན་གསུམ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། མི་དམངས་ཤོག་སྒོར་གྱི་འཛའ་ཐང་དེ་ལུགས་མཐུན་དང་དོ་སྙོམས་ཀྱི་ཆུ་ཚད་ཐོག་རྩ་བའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས། མ་རྩའི་ཁྲོམ་ར་འཁྲུག་ཏུ་བཏང་ནས་མ་འཇོག་མཁན་གྱི་གདེང་ཚོད་འཕེལ་བར་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། གྲོང་མིའི་ཡོང་འབབ་མང་དུ་གཏོང་བ་བརྒྱུད་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་མཐའ་སྣེའི་དགོས་མཁོ་བརྒྱུད་མཁོ་སྤྲོད་ནུས་ལྡན་ལ་སྐུལ་ཁྲིད་བྱས་ནས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། རླངས་འཁོར་དང་། གློག་རྡུལ་ཐོན་རྫས། སྡོད་ཁང་དང་ཁྱིམ་ཆས་སོགས་འཛད་སྤྱོད་ཆེ་གྲས་དར་འཕེལ་གཏོང་བ་དང་ལུས་རྩལ་སྤྲོ་གསེང་དང་རིག་གནས་ཡུལ་སྐོར་སོགས་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་མ་འཇོག་སྐུལ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ་དང་ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་མགྱོགས་སུ་གཏོང་དགོས། དམངས་ཁྲོད་མ་འཇོག་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཟོས་ནས་འདོན་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་གྱི་གཞི་གདན་བརྟན་པོ་ཡོང་བ་བྱེད་དགོས། རྒྱལ་སྤྱིའི་དུས་གཏན་གནམ་གྲུའི་ཐེངས་གྲངས་མང་དུ་གཏོང་བ་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་བརྟན་པོའི་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་ཀ་རྟེན་ཐོན་ལས་དེ་བས་མང་བ་གཏོད་དགོས། གྲངས་འཛིན་དཔལ་འབྱོར་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་མི་ཐབས་རིག་ནུས་ཀྱི་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་སྟེགས་ཁེ་ལས་ཚད་ལྡན་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་ཟབ་ཏུ་གཏོང་བ་དང“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ཏེ། གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་དགོས། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། ཆ་གསེས་གང་བྱུང་དུ་རྒྱག་པ་བཅས་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ནས་སྲིད་གཞུང་གིས་ཁེ་ལས་ལ་རྩིས་ཐོའི་དངུལ་འགྱངས་ཆད་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས། ཁེ་ལས་དང་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྤེལ་རེས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཁེ་ལས་ཀྱིས་ཁྲོམ་རར་ཞུགས་ཕོད་པ་དང་། མ་དངུལ་འཇོག་ཕོད་པ། ཉེན་ཁ་འཁུར་ཕོད་པ་བཅས་བྱ་རྒྱུར་ལྕག་སྐུལ་བྱས་ནས་ཁྲོམ་ར་ཧུར་ཐག་གཏོད་དགོས། ཆ་རྐྱེན་འཛོམས་པའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་རང་མོས་ཚོང་དོན་གྲུ་ཁ་གཉིས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྦྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ཡག་པོ་གཉེར་དགོས།

ཚོགས་འདུའི་ཐོག་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ་དང་། རང་རྒྱལ་གྱི་ས་ཁང་བདག་ཁོངས་ཁྲོམ་རའི་མཁོ་སྤྲོད་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་དུས་བབ་གསར་པ་དང་འཚམ་པར་བྱེད་པ། ས་ཁང་བདག་ཁོངས་ཀྱི་སྲིད་ཇུས་དུས་བསྟུན་ལེགས་སྒྲིག་དང་ལེགས་སུ་གཏོང་བ། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་དང་སྲིད་ཇུས་ཀྱི་ཡོ་བྱད་སྒམ་ཡག་པོ་སྤྱོད་པ་བཅས་བྱས་ཏེ། གྲོང་མིའི་དགོས་ངེས་རང་བཞིན་དང་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོ་སྔར་བས་བསྐངས་ནས་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ནང་གྲོང་ཚོ་སྒྱུར་བཀོད་དང“འཕྲལ་རྒྱུན་གཉིས་སྤྱོད”ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བེད་མེད་དུ་བཞག་པའི་ཁང་པ་སྣ་ཚོགས་གང་འགབ་ཅི་སྤྱོད་ཐུབ་པ་བཅས་བྱེད་དགོས། ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་སེལ་བ་དང་བུ་ལོན་འཇལ་བའི་ཇུས་གཞི་ཆ་ཚང་ཞིག་བཟོས་ནས་ལག་བསྟར་བྱེད་དགོས། དངུལ་རྩའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་ཆེ་བའི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སྒྱུར་བཅོས་ཀྱི་ཉེན་ཁ་བརྟན་པོའི་ངང་སེལ་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་འཚོ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་དོན་འཁྱོལ་ཏན་ཏིག་བྱས་ནས་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་ཆེར་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། བདེ་འཇགས་ལས་འཛོལ་ཚབས་ཆེན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་དབྱར་གློག་སྙོམ་སྒྲིག་གི་ནུས་རྒྱུའི་གློག་ཤུགས་མཁོ་འདོན་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྔར་བས་འཕེལ་བར་བྱེད་པ། འགན་འཁུར་ཕོད་པ་དང་བྱ་བ་སྒྲུབ་ཐུབ་པ་དང་འགག་སྒྲོལ་དཀའ་སེལ་བྱེད་མཁས་པའི་ཕུལ་བྱུང་ལས་བྱེད་པ་གཟེངས་སུ་ཐོན་པར་བྱེད་པ། ལེགས་སྐྱེས་མང་ཙམ་འབུལ་ཐུབ་པ་བཅས་བྱས་ཏེ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

ལྷག་པ་ཚེ་རིང་དང་པ་སངས་སྒྲོན་ལགས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明