ཟླ་7ཚེས་11ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས། 《ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་བཙུགས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དང་། 《གྲོང་གསེབ་སྒྱུར་བཅོས་ཟབ་གཏོང་གི་ལག་བསྟར་ཇུས་གཞི》 《ནུས་རྒྱུའི་ཟད་གྲོན་གྱི་ཚད་འབོར་ལ་ཚོད་འཛིན་བྱེད་པ་ནས་ཐཱན་ཕྱིར་འབུད་ཀྱི་ཚད་འབོར་ལ་ཚོད་འཛིན་བྱེད་པའི་ཕྱོགས་སུ་རིམ་གྱིས་བསྒྱུར་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་དང་སུའོ་ཡི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་བསམ་འཆར》 《རྡོ་སྣུམ་དང་རང་བྱུང་སོལ་རླངས་ཁྲོམ་རའི་མ་ལག་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་སྣུམ་རླངས་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《གློག་ཤུགས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་རྣམ་པ་གསར་པའི་གློག་ཤུགས་ཁོངས་གཏོགས་མགྱོགས་མྱུར་གཏོད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་པ་ནི་ང་ཚོས་རང་འགུལ་ངང་བྱས་རྗེས་བཞག་སྟེ་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་ཡིན་པས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཞབས་འདེགས་ཞུ་བར་དམིགས་པ་དང་། ལམ་ལུགས་རྣམ་པའི་སྒོ་དབྱེ་གཙོ་གནད་དུ་འཛིན་པ། མ་འཇོག་དང་། ཚོང་དོན། དངུལ་རྩ། གསར་གཏོད་སོགས་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལེ་ལག་ཚང་བའི་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཧུར་ཐག་དང་རང་འགུལ་ངང་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་གསར་པ་ཞིག་ཏུ་གོང་མཐོར་གཏོང་བ་བཅས་བྱེད་དགོས།
ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་དང་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་སྐྲུན་པའི་འཐབ་ཇུས་དམིགས་ཚད་གཞི་རྩར་འཛིན་པ་དང་ཞིང་པ་དང་ས་ཞིང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་གཙོ་རྐང་དུ་འཛིན་ཏེ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཞན་ཆ་གང་མགྱོགས་བསལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་རྨང་གཞི་བརྟན་པོ་འདིང་དགོས། རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཐཱན་ཉུང་གཏོང་འཐབ་ཇུས་ཀྱི་ཁ་ཕྱོགས་གཙོ་གནད་དུ་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་པར་གཞི་ཚུགས་ནས། ནུས་རྒྱུའི་ཟད་གྲོན་གྱི་སྤྱི་འབོར་དང་ཤུགས་ཚད་ལ་སྙོམས་སྒྲིག་བྱེད་པ་འཐུས་སྒོ་ཚང་དུ་བཏང་སྟེ་ཐཱན་ཕྱིར་འབུད་ཀྱི་སྤྱི་འབོར་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ལམ་ལུགས་ཕྱོགས་སུ་རིམ་གྱིས་སྒྱུར་དགོས། མཐོ་སློབ་ཀྱི་དགེ་རྒན་དང་ཚན་ཞིབ་མི་སྣའི་གླ་ཕོགས་བགོ་བཤའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣའི་བྱ་གཞག་བཅས་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་དང་། ཤེས་བྱའི་རིན་ཐང་གི་སྟོན་ཕྱོགས། དོ་དམ་ཚད་ལྡན་ནུས་ལྡན། འགན་སྲུང་དང་ལྕག་སྐུལ་གཉིས་ཀར་ལྟ་རྟོག་བཅས་ཀྱི་གླ་ཕོགས་ལམ་ལུགས་རིམ་གྱིས་བཙུགས་ཏེ་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་དང་སུའོ་ཡི་གསར་གཏོད་དང་གསར་བཟོའི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་དགོས། རྒྱལ་ཁབ་ཀྱི་སྣུམ་རླངས་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་བའི་དམིགས་ཚད་ལ་དམིགས་པ་དང་། སྣུམ་རླངས་སྒྲིག་སྲོལ་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། སྣུམ་རླངས་ལས་རིགས་ཀྱི་གོང་འབྲིང་སྨད་གསུམ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་བཏང་ནས་བརྟན་ལ་བློས་འགེལ་ཆོག་པའི་མཁོ་སྤྲོད་འགན་ལེན་བྱེད་དགོས། གློག་ཤུགས་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་གཙང་དག་ཐཱན་ཉུང་དང་། ཉེན་མེད་འབེལ་པོ། གོང་ཁེ་ནུས་ཆེ། མཁོ་སྤྲོད་མཉམ་རོགས། སྟབས་བསྟུན་རིག་ནུས་བཅས་ཀྱི་རྣམ་པ་གསར་པའི་གློག་ཤུགས་མ་ལག་གང་མགྱོགས་བཙུགས་ནས་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་སྐུལ་འདེད་སྔར་ལས་ལྷག་པར་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ལ་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དུས་བབ་འཕྲད་ཡོད། དེར་བརྟེན་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པའི་རྩེ་རིམ་ཇུས་འགོད་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉོ་ཚོང་དང་མ་འཇོག་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཁྲོམ་རའི་འཐུས་ཞུགས་རྒྱ་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ། ཞབས་ཞུ་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རང་རྒྱལ་གྱི་ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་གཙོ་རྒྱུའི་ཡིད་དབང་འགུགས་པ་བཅས་བྱས་ཏེ་ཚོང་དོན་མ་འཇོག་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། མཐའ་ཚད་ཀྱི་བསམ་བློ་དང་མཐར་ཟད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་གི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྒོ་དབྱེ་ལྟ་འདོམས་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་རྒྱུ་དེ“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱེད་པ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གྲོང་གསེབ་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། འབྲུ་རིགས་བདེ་འཇགས་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་འགག་སྒྲོལ་ལ་ཚད་བརྒལ་ཡོང་བ་དང་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒྱུར་བཅོས་ཁྲོད་རྒྱ་ཆེའི་ཞིང་པར་ཐོབ་སྣང་དེ་བས་མང་པོ་ལྡན་པར་བྱེད་དགོས། རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་འཚོལ་ཞིབ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་ཁུལ་མི་འདྲ་བས་ཡུལ་བབ་དང་བསྟུན་ནས་འཚོལ་ཞིབ་བྱེད་ཆོག་པ་དང་བསྔགས་སྐུལ་བྱེད་པ་དང་། གཞི་རིམ་དུ་ལག་ལེན་གསར་གཏོད་བྱེད་པ་ཤེས་རྟོགས་དང་ཕྱོགས་སྡོམ་བྱེད་མཁས་པ། འཚོལ་ཞིབ་དང་གསར་གཏོད་ཁྲོད་དཀའ་ངལ་འཕྲད་ཚེ་དུས་ཐོག་ཏུ་རྒྱབ་སྐྱོར་བཅས་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ལྗང་མདོག་ཐཱན་ཉུང་དང་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་བྱ་རྒྱུ་དེ་གནས་བབ་མངོན་གསལ་དོད་སར་བཞག་ནས་ནུས་རྒྱུ་ཟད་གྲོན་གྱི་སྤྱི་འབོར་དང་ཤུགས་ཚད་ཐད་གཉིས་ཀར་ཚོད་འཛིན་བྱེད་པའི་ལམ་ལུགས་བཙུགས་པ་དང་ལག་བསྟར་བྱས་པས། རང་རྒྱལ་གྱི་ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་མཐོ་རུ་ཤུགས་ཆེན་འགྲོ་རྒྱུ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་རྒྱུན་མཐུད་ཆག་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ནུས་རྒྱུ་ཟད་གྲོན་ཐད་གཉིས་ཀར་ཚོད་འཛིན་བྱེད་པ་ནས་ཐཱན་ཕྱིར་འབུད་ཐད་གཉིས་ཀར་ཚོད་འཛིན་བྱེད་པའི་ཕྱོགས་སུ་རིམ་གྱིས་བསྒྱུར་དགོས་ན། སྔོན་འཛུགས་རྗེས་གཏོར་མཐའ་འཁྱོངས་བྱེད་པ་དང་། ནུས་རྒྱུ་ཟད་གྲོན་ཐད་གཉིས་ཀར་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྙོམས་སྒྲིག་བྱེད་སྟངས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། ཐཱན་ཕྱིར་འབུད་ཐད་གཉིས་ཀར་ཚོད་འཛིན་བྱེད་པའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐཱན་ཕྱིར་འབུད་ཐད་གཉིས་ཀར་ཚོད་འཛིན་བྱེད་པའི་ལེ་ལག་ཚང་བའི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐཱན་ཕྱིར་འབུད་ཐད་གཉིས་ཀར་ཚོད་འཛིན་བྱེད་པའི་ལམ་ལུགས་གསར་འཛུགས་དང་ལག་བསྟར་བྱེད་པར་མཐུན་རྐྱེན་ཧུར་ཐག་བསྐྲུན་དགོས། གྲོན་ཆུང་སྔོན་ལ་འཇོག་པའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་གི་ལས་དོན་ལེགས་པར་བསྒྲུབས་ཏེ་མ་གནས་ཆུང་ཤོས་ལ་བརྟེན་ནས་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་དགོས། ལས་ཀའི་གོམ་སྟབས་བརྟན་པོ་ཡོང་བ་དང་། འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་གི་འབྲེལ་བ་སྤྱི་འདོམས་ཡག་པོ་བྱེད་པ། དངོས་ཐོག་བདེན་འཚོལ་དང་ནུས་པས་ལྕོགས་ཚོད་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་ཇུས་དང་བྱ་ཐབས་ལེགས་སྒྲིག་དང་ལེགས་གཏོང་བྱེད་དགོས།
ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།