西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མཛེས་པའི་ཕ་ཡུལ། ༄༅། །ང་ཡི་སློབ་གྲོགས། ༄༅། །ང་དང་རྩོམ་ཡིག ། ༄༅། །གཅེས་སྤྲས།

放大 缩小 默认

༄༅། །ང་ཡི་སློབ་གྲོགས།

□ 作者 ཨ་ཆོས་ལྷུན་གྲུབ།

ལོ་ངོ་དགུ་ཡི་དམའ་འབྲིང་འཚོ་བའི་ནང་ང་ཚོར་སློབ་གྲོགས་དང་དགེ་རྒན་སོགས་མི་སྣ་མང་པོ་དང་འབྲེལ་འདྲིས་བྱེད་མྱོང་ཞིང་། མི་སྣ་དེ་དག་ལས་རང་ལ་བག་ཆགས་ཟབ་ཤོས་ཀྱི་མི་སྣ་ཡང་མི་ཉུང་བ་ཡོད་སྲིད། ང་རང་ངོས་ནས་ཆེས་བག་ཆགས་ཟབ་ཤོས་ནི་ང་རང་སློབ་ཆུང་སྐབས་ཀྱི་རོགས་པ་ཞིག་ཡོད་པ་དེ་ཡིན།

ཁོ་པ་ནི་གཟུགས་ཐུང་ཙམ་ཞིག་དང་ངོ་མདོག་ནི་དེ་ཙམ་དཀར་པོ་མེད་ཅིང་། དུས་རྒྱུན་དུ་སྐད་ཆ་ཤོད་སྐབས་ངག་བདེ་པོ་ཡང་མེད། རྣམ་ཀུན་རྒན་ལགས་ཀྱིས་དྲི་བ་འདོན་སྐབས་དངངས་སྐྲག་བྱས་ཏེ་དེ་བས་ཀྱང་སྐད་དིག་སྟེ་མི་འཁྲོལ་བར་འགྱུར་གྱི་ཡོད། ཚུལ་དེ་སློབ་གྲོགས་ཚོས་མཐོང་སྐབས་མང་ཆེ་བས་ཁོ་ལ་འཕྱ་སྨོད་ཀྱིས་ཁྲེལ་དགོད་བྱེད་པ་ལས་བསམ་ཤེས་གཏན་ནས་བྱེད་ཀྱི་མེད་མོད། འོན་ཀྱང་ཁོ་རང་གིས་གཞན་ལ་ཞེ་སྡང་དང་ཕྲག་དོག་རྩ་བ་ནས་བྱེད་ཀྱི་མེད།

དེ་ཡང་ང་ཡི་སེམས་ལ་ཆེས་གསལ་ཤོས་ནི་ལོ་རིམ་དྲུག་པའི་སྐབས་ཀྱི་སློབ་ཚན་ཞིག་གི་དུས་དེ་ཡིན། དེ་ནི་བོད་ཡིག་གི་སློབ་ཚན་ཞིག་གི་སྐབས་ཡིན་ལ། རྒན་ལགས་ཀྱིས་སློབ་ཚན་སྐབས་སུ་ཉིན་གོང་མར་བསླབས་ཟིན་པའི་སློབ་ཚན་ནང་དོན་རྣམས་རེ་རེ་བཞིན་བློ་ལེན་བྱས་སོང་བས། སློབ་མ་དེའི་མཚམས་སུ་སླེབས་སྐབས་ཁོས་དངངས་སྐྲག་དང་བཅས་སྨྲ་བ་མེད་པར་ལུས། སློབ་མ་ཚང་མས་ཁོའི་རྣམ་འགྱུར་དེ་མཐོང་རྗེས་གད་མོ་ཆེན་པོ་ཤོར་བ་དང་། ཧ་ལམ་སློབ་ཁང་དུ་མི་དགོད་མཁན་ང་གཅིག་པུ་གྱུར་འདུག་པས་ངས་མགོ་བོ་བསྒུར་ནས་བསྡད། རང་ཉིད་ཀྱི་གྲོགས་པོ་ཡིན་པའི་ངོས་ནས་དོན་དེར་དགོད་བསམ་པ་ངའི་བསམ་པའི་ཡུལ་ལ་མ་བྱུང་ཁར། བདག་གི་གྲོགས་པོ་ཡག་ཤོས་སོང་ཙང་སློབ་གྲོགས་ཚོའི་མཐོང་ཆུང་ཁྱད་གསོད་ཀྱི་བྱེད་སྟངས་དེར་སེམས་གཏིང་ནས་འཚིག་པ་ཟ་བྱུང་།

རྒན་ལགས་ཀྱིས་གད་མོ་དགོད་མཁན་གྱི་སློབ་མ་ཚོར་གཤེ་གཤེ་ནན་པོ་བཏང་བ་དང་། ཁོ་ལ་ཞེད་སྣང་དང་དངངས་སྐྲག་མི་བྱེད་ཅིང་རང་གི་བསམ་ཚུལ་ཅི་ཡོད་འཚེར་སྣང་མེད་པའི་སྒོ་ནས་ཤོད་རྒྱུའི་སྐུལ་མ་གནང་སོང་བས། ད་གཟོད་ཁོས་བློ་ཁོག་ཆེར་བསྐྱེད་ཀྱིས་དྲི་བ་དེར་ལན་ཡང་དག་པར་འདེབས་ཐུབ་སོང་། སྐབས་དེར་ངའི་སེམས་སུ་དགའ་བའི་ཉི་མ་ཤར་ཞིང་སྡུག་གི་མུན་པ་འཇའ་ཚོན་ལྟར་ཡལ་སོང་། དགེ་རྒན་གྱིས་བསྔགས་བརྗོད་དང་སློབ་མ་ཚོའི་བསྟོད་དབྱངས་ཁྲོད་ནས་བདག་གི་གྲོགས་པོས་རྒྱལ་ཁའི་སྒོ་མོ་དང་པོ་གཟི་བརྗིད་ངང་ཕྱེས་པ་དང་། ཁོ་པའི་གྲོགས་པོ་ཡིན་པའི་ང་རང་ཡིད་སེམས་རབ་ཏུ་འཕྲོས་ཏེ་ལུས་ཡོངས་ཚ་བེར་བེར་དུ་གྱུར། ངས་དྲན་གསོ་བྱེད་སྐབས་ད་བར་དུ་དེ་དུས་ལས་ཉམས་དགའ་བའི་བྱ་བ་ཞིག་ཧ་ལམ་འཕྲད་མྱོང་མེད་པ་འདྲ།

ཕྱིས་སུ་སློབ་ཆུང་ཐོན་ཏེ་དམའ་འབྲིང་དུ་བསྐྱོད་སྐབས་ངེད་གཉིས་སློབ་གྲྭ་གཅིག་ཏུ་མ་ཁེལ་བས། ང་ཁོ་པ་དང་འཕྲད་པའི་སྐལ་བ་མ་བྱུང་། འབྲིང་རྒྱུགས་ཉེ་བའི་དུས་འདིར་ངེད་གཉིས་པོས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་རུ་སློབ་གྲྭ་གཅིག་པ་ཞིག་ཏུ་རྒྱུགས་འཕྲོད་དེ་སླར་ཡང་ལོ་གསུམ་སློབ་གྲོགས་བྱེད་པའི་སྐལ་བ་ལྡན་པར་སྨོན་ཞེས་ཞུ་འདོད། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༩)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明