西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མེས་རྒྱལ་། ངས་སྙན་མོའི་གླུ་ཡིས་ཁྱེད་ལ་བསྟོད། ༄༅། །ང་ཡི་དམའ་འབྲིང་འཚོ་བ། ༄༅། །བདེ་སྐྱིད། །

放大 缩小 默认

༄༅། །མེས་རྒྱལ་། ངས་སྙན་མོའི་གླུ་ཡིས་ཁྱེད་ལ་བསྟོད།

□ 作者 བསེ་རུ།

གྱ་གྱུར་གྱི་འཚོ་བའི་གྲུ་ཟུར་འདི་ནས་ཁྱེད་ཀྱི་བགྲང་བྱ་བདུན་ཅུའི་བརྗོད་ཀྱིས་མི་ལངས་བའི་གཟི་དཔལ་ལྷང་ལྷང་དུ་འཕྱུར་བ་ཡིད་ངོར་འཆར་དུས། ཀྱག་ཀྱོག་གི་མི་ཚེའི་ཤུལ་ལམ་རིང་མོའི་ལམ་ཁ་འདི་ནས་ཁྱེད་ཀྱི་འོད་སྟོང་རབ་ཏུ་འཕྲོ་བའི་མཛད་འཕྲིན་ཡངས་མོ་སྐྱེ་འགྲོ་ཀུན་གྱི་འདྲེན་བྱེད་ལམ་དུ་འཆར་དུས། འཛམ་གླིང་འཕེལ་རྒྱས་ཀྱི་ཚ་རླབས་དགུང་དུ་འཕྱུར་ཅིང་དུས་རབས་འཕོ་འགྱུར་གྱི་གོམ་འགྲོས་གློག་ལས་མྱུར་བའི་ལམ་ཁ་འདི་ནས། ནམ་ཡང་མདུན་ཕྱོགས་སུ་ཤོར་ཕོད་པའི་རླབས་ཆེན་མེས་རྒྱལ་གྱི་བགྲང་བྱ་བདུན་ཅུའི་འཕོ་འགྱུར་མཐའ་དག་ང་ཚོས་བརྒྱུད་མྱོང་སྐབས། མཐོ་སྒང་ན་འཚོ་བཞིན་པའི་མི་བུ་ང་དང་ང་འདྲ་བས་དྲོ་སྐྱིད་ཉི་མའི་འོད་ཟེར་འོག་བསྔགས་བརྗོད་ཀྱི་མཆོད་སྤྲིན་ནམ་མཁའི་དབྱིངས་སུ་གཏོར་བཞིན་སྨྲ་འདོད་པའི་སེམས་སྒྲ་མང་པོ་ཞིག་དབྱངས་སུ་གྱེར་ནས་རླབས་ཆེན་མེས་རྒྱལ་གྱི་ཡར་ངོའི་ཟླ་ལྟར་འཕེལ་བའི་མཛད་འཕྲིན་ཡོད་དོ་ཅོག་ལ་བསྟོད་གླུ་འབུལ་བར་འདོད།

ཟང་ཟིང་དང་དམག་འཁྲུག་གི་མུ་གེའི་གནས་སུ་གྱར་བའི་འཛམ་གླིང་ཡུལ་གྲུ་ཁག་གཅིག་གི་ཛ་དྲག་དུས་བབ་ཀྱི་མདུན་དུ་ཞི་བདེ་དང་ལྷིང་འཇགས་ཀྱི་ཟངས་གྱང་ལྕགས་རྩིག་ལས་བཞེངས་པའི་མེས་རྒྱལ་གྱི་ཞིང་ཁམས་ཡངས་མོ་ཨེ་ཤེ་ཡའི་ཤར་ཕྱོགས་སུ་འགྱིང་ངེར་གནས་པ་ཡིད་ངོར་འཆར་དུས། ཡུལ་གྱར་དང་ནང་འཁྲུག་གི་དྲ་རྒྱར་ཐིམ་པའི་རྒྱལ་ཕྱིའི་རྙོག་འཛིང་དྲག་པོའི་མདུན་དུ་བདེ་སྐྱིད་དང་འཆམ་མཐུན་གྱི་བཀྲ་ཤིས་གཡང་ཁྱིམ་ནང་སྐྱོང་བའི་ཀྲུང་གོ་བ་རྣམས་ཨེ་ཤེ་ཡའི་ཤར་ཕྱོགས་སུ་གནས་བཟོད་བདེ་བར་གནས་པ་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ལམ་དུ་འཆར་དུས། ཤེས་དཔལ་གྱི་འདབ་ལོས་བརྒྱན་ཞིང་ཚན་རྩལ་གྱི་རྦ་རླབས་ལང་ལོང་དུ་འཕྱུར་བའི་མཐའ་ཡས་ཞིང་ཁམས་འདིའི་རྒྱན་ཆར་འོས་པའི་ཁྱེད་ཀྱི་ལོ་ངོ་བདུན་ཅུའི་གཟི་ཉམས་བརྒྱུད་མྱོང་སྐབས། མཐོ་སྒང་ན་འཚོ་བཞིན་པའི་མི་བུ་ང་དང་འདྲ་བས་བསྐལ་པ་བཟང་བའི་དྲིན་སྐྱོང་འོག་སོས་དལ་བག་ཕེབས་ཀྱི་དེང་དུས་འཚོ་བར་རོལ་བཞིན་དུ་ཁྱེད་ཀྱི་ནམ་ཡང་འགྱུར་བ་མེད་པར་བརྟན་པོར་གནས་པའི་ལང་ཚོའི་བ་དན་དགུང་དུ་འཕྱར་ནས་བསྟོད་གླུ་འབུལ་བར་འདོད།

འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་ཅིང་འགྲན་རྩོད་ཀྱི་མེ་ལྕེ་འབར་བའི་དེང་གི་དུས་འདིར། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་ན་ཅི་དགར་འཚོ་བའི་མི་རིགས་ང་དྲུག་གི་སེམས་པ་དམར་པོ་ནམ་ཡང་ཁྱེད་ལ་ཕྱོགས་ནས་དུས་རབས་ཀྱི་ལམ་ཆེན་དུ་སྤོབས་སེམས་ཆེན་པོས་གོམ་ཁ་སྒྱུར་བཞིན་པ་འདྲེན་བྱེད་ལམ་དུ་འཆར་དུས། དྲོ་སྐྱིད་ཀྱི་འོད་ཟེར་གང་སར་འཕྲོ་བའི་ཤར་ཕྱོགས་ལྡུམ་རའི་དབྱིངས་ན་མཚར་མདངས་བཀྲ་བའི་གངས་ལྷ་མེ་ཏོག་གི་དྲི་བསུང་འཐུལ་བ་ལྟ་བུའི་འབྲས་བཟང་ཅི་དགར་སྨིན་རིམ་བཞིན། མཐོ་སྒང་ན་འཚོ་བཞིན་པའི་མི་བུ་ང་དང་ང་འདྲ་བས་དཔྱིད་དཔལ་མཚར་བའི་ལོ་ཟླའི་ཁྲོད་དམར་ཆུང་སེམས་པ་ནམ་ཡང་ཏང་ལ་ཕྱོགས་བཞིན་དུ་ཁྱེད་ཀྱི་རྗེས་སུ་འབྲངས་ནས་དུས་རབས་གསར་པའི་དཀའ་ཚེགས་དང་འགྲན་སློང་དུ་མ་མདུན་དུ་བསུ་བཞིན། མི་ཚེའི་འགྲུལ་བཞུད་ཀྱི་འགྲོ་ལམ་ཡངས་མོར་དགའ་སྐྱོ་ཆགས་སྡང་ཡོད་ཚད་གདོང་དུ་བསུས་ཏེ་ཇི་མི་སྙམ་པའི་འཚོ་བའི་ལམ་ཟུར་འདི་ནས། ཁྱེད་ཀྱི་དཀའ་སྤྱད་ཕྱག་ཟུང་ལས་བཞེངས་པའི་བླ་མེད་མཛད་འཕྲིན་དབྱངས་སུ་གྱེར་ནས་བསྟོད་གླུ་འབུལ་བར་འདོད།

བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཅིང་དཔལ་ཡོན་གྱི་མེ་ཏོག་གང་སར་བཞད་པའི་དེང་གི་དུས་འདིར། སྐལ་བཟང་རྫོགས་ལྡན་གྱི་བགྲང་བྱ་བདུན་ཅུའི་ཤུལ་ལམ་རིང་མོ་ལས་མཛད་མཐའ་བྲལ་བའི་དཔལ་ཡོན་གྱི་མཚོ་མོ་འཁྱིལ་བཞིན་པའི་མཐོ་སྒང་གི་ཡུལ་གྲུ་འདི་ནས་ཤེས་རིག་པད་མའི་འདབ་ལོ་རབ་ཏུ་འཚར་ཅིང་། སྟོབས་འབྱོར་མངའ་ཐང་རྒྱས་བཞིན་འབྲས་བཟང་ཅི་དགར་སྨིན་པའི་ཤར་ཕྱོགས་ལྷུན་པོའི་སྤོ་ན་འགྱིང་ངེར་འགྲེང་བའི་ཁྱེད་ཀྱི་མཛད་འཕྲིན་མཐའ་དག་དབྱངས་སུ་གྱེར་ནས་བསྟོད་གླུ་འབུལ་བར་འདོད།

ང་ཁྱེད་ཀྱི་དྲོ་ཞིང་འཇམ་པའི་པང་ན་ནམ་ཡང་འདི་ལྟར་དལ་བ་དལ་བུར་འཚོ་འདོད་ལ། ཁྱེད་ཀྱི་ལོ་ངོ་ཁྲི་སྟོང་མང་པོའི་ངོ་མཚར་ལོ་རྒྱུས་དབྱངས་སུ་གྱེར་ནས་ཡངས་པའི་ཨ་སྔོན་དབྱིངས་སུ་ཕུཌ་བསམ་དང་དད་འདུན་གྱི་གཤོག་ཟུང་བརྐྱངས་ནས་ཅི་དགར་འཕུར་འདོད། སེམས་ཁོང་དུ་བཞུར་བའི་སྤྲོ་སྣང་འབུམ་གྱིས་མྱོས་པའི་བསྟོད་གླུ་འདི། འགོག་པ་མེད་པར་ཁྱེད་ཀྱི་མཐའ་ཡས་ཞིང་ཁམས་སུ་ཡང་ཡང་གྲཌ་དུས། སེམས་གཏིང་གི་དྭངས་གཙང་གི་སྙན་དབྱངས་ཤིག་རང་དབང་མེད་པར་སེམས་དང་གློ་བའི་མཚམས་སུ་བག་ཡངས་སུ་བཞུར་ཅིང་འཁྱིལ་ནས་དོ་ཟླར་བྲལ་བའི་མེས་རྒྱལ་གྱི་གཟི་བྱིན་བསྐལ་བརྒྱའི་བར་དུ་གནས་པའི་སྨོན་འདུན་ཞུའོ། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明