གཤོག་ཟུང་གི་རྩལ་ཁ་ཡོངས་སུ་རྒྱས་པའི་ཐང་དཀར་གྱི་རྒོད་པོས་མུ་མེད་ཀུན་གསལ་དབྱིངས་ནས་གཤོག་རྩལ་ངོམ་ཞིང་མཁའ་འགྲུལ་གནམ་གྲུ་དག་དང་མཐོ་ཚད་ལ་འགྲན་རྩོད་བྱེད་པའི་བསམ་པ་ཞིག་དང་། བང་རྩལ་ལ་འགྲན་ཟླ་བྲལ་བའི་གཙོད་ཀྱི་ཚོགས་རྣམས་ཀྱིས་རྩྭ་ཐང་ཡངས་པོའི་སྟེང་ནས་བང་རྩལ་ངོམ་གིན་ངོམ་གིན་དུ་བདེ་བ་སྟོང་ལྡན་གྱི་ལམ་བུར་སྐྱོད་བཞིན་བདག་ལ་སྐུལ་སློང་གི་ལག་བརྡ་བྱེད་བཞིན་སྣང་།
འདིའི་དུས་སུ་ངས་མར་བལྟས་ཙ་ན། མིག་མེད་ཉམ་ཆུང་གྲོག་མའི་ཚོགས་རྣམས་ཀྱི་ཤེད་ཤུགས་དམན་ཡང་བརྩོན་པ་ལྷོད་མེད་ཀྱིས་ཚང་སྤོ་ཟས་དབོར་ལ་འབད་འབུངས་ལྷོད་མེད་བྱེད། སྐབས་འདིར་ང་རང་ལ་ག་ནས་གང་ཡོང་མེད་པར་ངོ་གནོང་པའི་ཚོར་བ་ཞིག་བྱུང་བ་དང་དུས་མཚུངས་རྩོམ་པ་པོ་འཇུ་སྐལ་བཟང་ལགས་ཀྱིས་བརྩམས་གནང་བའི«ནེ་ལེར་བགྲོ་བའི་གཏམ»ནང་གི“ང་ཡང་འདབ་ཆགས་སྙམ་པའི་འདུ་ཤེས་ཤིག་མེད་དམ”ཞེས་པའི་ཚིག་རྐང་འདི་ཡིད་ལ་ལྷང་ལྷང་དུ་འཁོར་བྱུང་། བདག་གིས་སོ་སོས་སོ་སོར་ལྡོག་འདྲི་བྱས་པ་སྟེ། ང་ཡང་སྨྲ་ཤེས་དོན་གོ་བའི་གང་ཟག་གི་ཚོགས་འདིར་ཚུད་ཀྱིན་ཡོད་དམ་སྙམ་པའི་གནོང་བ་ཞིག་སེམས་ཁོང་ནས་སྐྱེས་ཏེ་ངའི་སེམས་པ་ཟང་ཟིང་དུ་གྱུར། དགེ་འདུན་ཆོས་འཕེལ་ལགས་ཀྱིས། “གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག །ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག །མདོར་ན་གཅིག་ལས་གཅིག་མགྱོགས་བང་འགྲན་ནས། །འཇིག་རྟེན་ཐམས་ཅད་བདེ་བའི་ཆེད་དུ་རྒྱུག །”ཅེས་གསུངས་པ་ལྟར་ཚང་མས་རྔ་ལ་དཔག་པའི་འཆམ་འཁྲབ་བཞིན་ཡོད་པ་ཤེས་རྟོགས་ཐུབ་སོང་། དེ་ནས་ངས་སྒྱིད་ལུག་དང་མནོག་ཆུང་མི་དགེ་བའི་ལས་མཐའ་དག་སྤངས་ནས་སྔོན་བྱོན་མཁས་པའི་ལེགས་བཤད་ཀྱི་བསླབ་བྱ་དག་ཚུར་ལེན་དང་མི་གཙང་བའམ་བ་ཚྭའི་དྲི་དང་ལྡན་པའི་ཆ་དག་ལེ་དབར་བརྒྱ་ཕྲག་གི་སར་བསྐྱུར་ནས་འོད་ཟེར་སྟོང་དང་ལྡན་པའི་ལམ་གསར་པ་ཞིག་ཏུ་བསྐྱོད་འགོ་ཚུགས། ལམ་བུ་འདིར་ཞུགས་པ་ནས་བཟུང་ངས་བློ་ཕམ་བྱེད་མ་མྱོང་ལ་ཡིད་ཐང་ཆད་པའི་བསམ་པ་ཡང་དེ་བས་འཁྱེར་མ་མྱོང་། གང་ལགས་ཤེ་ན། ལམ་དུ་ཞུགས་སྐབས་བཀྲ་ཤིས་པ་རྐྱང་རྐྱང་ཡོང་མི་སྲིད་ལ་དེ་བས་བཀྲ་མི་ཤིས་པ་རྐྱང་རྐྱང་ཡང་ཡོང་ག་ལ་སྲིད། དེ་འདྲ་སོང་ཙང་ང་ཚོ་ལམ་དུ་ཆས་སྐབས་དེའི་གྲུབ་འབྲས་གཅིག་པུ་གཙོ་བོ་མ་ཡིན་པར་ལམ་དེར་འགྲོ་སྐབས་ཉམས་མྱོང་ལས་ཐོབ་པའི་ཤེས་རབ་དང་ཡོན་ཏན་དག་གཙོ་བོ་རེད་བསམ་གྱི་འདུག
འགྲན་རྩོད་དང་ཕྲག་དོག་ཆེ་བའི་ལམ་བུ་འདིའི་ཁྲོད་དུ་རང་ཉིད་རང་གི་མགོན་སྐྱབས་སུ་བཅོལ་ནས་འོད་ཟེར་སྟོང་ལྡན་གྱི་ལམ་བུ་ཞིག་འཚོལ་བར་རྒྱུགས་ཤིག །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༡)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།