ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྒྲིག་བཀོད་ཆ་རྐྱེན་དང་ཁོར་ཡུག་འཛུགས་སྐྲུན་ལ་ལེགས་བཅོས་ཆེ་ཙམ་བྱུང་བ་དང་། ལྷག་པར་དུ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་གྲུབ་རྗེས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལོ་རེར་དཔེ་དེབ་ཉོ་སྒྲུབ་དང་རིན་པ་མི་དགོས་པར་སྒོ་ཕྱེ་བའི་གྲོན་དངུལ་སྒོར་ཁྲི་100ནས་མིག་སྔའི་སྒོར་ཁྲི་700ལྷག་ཙམ་བར་མང་དུ་སོང་ཡོད། མིག་སྔར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་ཉར་བའི་དཔེ་དེབ་ཁྲི་50ལྷག་ཡོད་པའི་ནང་བོད་ཡིག་གི་གནའ་དཔེ་ཁྲི་1.5ཡོད་ཅིང་། ལྷ་མོའི་འཁྲབ་གཞུང་བརྒྱད་དང་། བོད་ཀྱི་དམངས་ཁྲོད་གླུ་གར། གླིང་སྒྲུང་། བོད་རིགས་ཀྱི་ལག་ཤེས་བཟོ་རྩལ་ཀུན་འདུས། བོད་ལུགས་གསོ་རིག་གི་རིག་གནས་སོགས་ཡུལ་ལུང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་27དང་དེ་བཞིན་ཆུ་ཚོད་4169ཟིན་པའི་གྲངས་ཉུང་མི་རིགས་ཀྱི་སྒྱུར་བཟོའི་ཐོན་ཁུངས་ཡོད་པ་མ་ཟད། གཞི་ཁྱོན་ངེས་ཅན་ལྡན་པ་དང་། གྲུབ་ཚུལ་ལྟོས་བཅས་སུ་ཆ་ཚང་བ། བོད་ཀྱི་ཁྱད་ཆོས་ཟབ་པ་བཅས་ཀྱི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་མཛོད་ཅིག་རིམ་གྱིས་གྲུབ་ཡོད།
མིག་སྔའི་བར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལོ་རེར་ཆ་སྙོམས་ཀློག་པ་པོར་སྣེ་ལེན་ཞུ་བའི་གྲངས་འབོར་མི་ཐེངས་ཁྲི་2.5ནས་ཁྲི་16བར་མང་དུ་སོང་བ་དང་། ཀློག་པ་པོར་ཞབས་འདེགས་ཞུ་ཡུན་ཉིན་རེའི་ཆུ་ཚོད་6ནས་ཆུ་ཚོད་10.5བར་རིང་དུ་བཏང་ཡོད།
རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་ཚེ་བརྟན་བུ་ཁྲིད་ཀྱིས། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཞབས་ཞུའི་ཁྱབ་རྒྱ་ཇེ་ཆེ་དང་ཞབས་ཞུའི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཞིང་། དཔེ་ཀློག་ཁྱབ་གདལ་བྱེད་སྒོ་ཤུགས་ཆེན་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་། བོད་ཀྱི་ཁྱད་ཆོས་ལྡན་པ། ཀློག་པ་པོའི་དགའ་བསུ་ཟབ་མོ་ཐོབ་པ་བཅས་ཀྱི་དཔེ་ཀློག་ཁྱབ་གདལ་གྱི་སྤུས་རྟགས་བྱེད་སྒོ་ཁག་གཅིག་གཉེར་བ་རེད། དུས་མཚུངས་སུ་དཔེ་ཀློག་ཁྱབ་གདལ་པ་8དང་དཔེ་ཀློག་ཁྱབ་གདལ་དང་བླངས་པ་49སྔོག་འདོན་དང་སྐྱེད་སྲིང་བྱས་ནས་དཔེ་ཀློག་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་ཐེངས་1200ཙམ་སྤེལ་བ་རེད།
དེང་སྐབས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཞབས་ཞུ་བྱ་ཡུལ་དེ་སློབ་གྲྭ་དང་། ལས་ཁུངས། བཙོན་ཁང་། དགོན་སྡེ་སོགས་ལ་རིམ་བཞིན་ཁྱབ་ཅིང་། ཁྱོན་བསྡོམས་ཡན་ལག་དཔེ་མཛོད་ཁང་16དང་། ཞབས་ཞུ་ས་ཚིགས་172 གནའ་དཔེ་ཁང་4བཅས་བཙུགས་ཡོད་པ་རེད།
བོད་ལྫོངས་ཉིན་རེའི་ཚགས་པར་ལས་དྲངས།