ཟླ་4ཚེས་7ནས་8ཉིན་བར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན། རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ཀྱིས་མཉམ་དུ་གཙོ་གཉེར་དང་། བོད་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་སྒྲུབ་འགན་འཁུར་བའི“ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་བྱས་ནས་ནམ་ཡང་ཏང་གི་རྗེས་སུ་འབྲང་བ་དང་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི”ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་དེ་ལྷ་སར་བྱས་པ་རེད།
འགྲན་བསྡུར་རིང་། བདམས་ཐོན་པ་ཚོས་འཚོ་བ་དང་ཉེ་བཅར་གྱིས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དང་མི་རྣམས་ཡིད་དབང་འགུགས་པའི་མཐུན་སྒྲིལ་འབད་འཐབ་ཀྱི་ཉམས་མྱོང་རེ་རེ་བཞིན་དྲངས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་འཛིན་པའི་ངོས་འཛིན་ལ་རྒྱས་བཤད་བྱས་ནས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས་ཤིང་། འགྲན་བསྡུར་འཁྲུག་པོ་བྱས་མཐར་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་བདེ་ཆེན་དཔལ་འཛོམས་དང་། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ལྷོ་ཕྱོགས་གྲོང་ལྷན་གྱི་གཡུང་དྲུང་། ལྷོ་ཁ་ཟངས་རི་རྫོང་ཟངས་རི་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཐེན་ཆོན་བཅས་ལ་ལོ་ཆུང་ཚོགས་ཆུང་དང་། གྲོང་ཚོ་གྲོང་ལྷན་ཚོགས་ཆུང་། གཞོན་ནུའི་ཚོགས་ཆུང་བཅས་ཀྱི་ཨང་དང་པོ་སོ་སོར་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་དེ་2022ལོའི་ཟླ་12པར་སྤེལ་འགོ་ཚུགས་པ་དང་། དུས་ཡུན་ཟླ་3ལྷག་ཙམ་རིང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་། མཐོ་སློབ་7 རྫོང(ཆུས)74 གྲོང་ཚོ(གྲོང་ལྷན)740 སློབ་གྲྭ་འབྲིང་ཆུང་140བཅས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་2000ལྷག་ཙམ་ཞུགས་ནས་རིམ་པ་བཞིན་གྲ་སྒྲིག་འགྲན་བསྡུར་བྱས་པ་བརྒྱུད་ཕུལ་བྱུང་བདམས་ཐོན་པ་60མཐའ་བསྡུར་ནང་ཚུད་པ་རེད།