༄༅། །རྒྱལ་ཁ་ཞེས་པའི་ཚིག་འདིར་མི་ཚང་མར་གོ་བ་ལེན་སྟངས་མི་འདྲ་བ་རེ་ཡོད། མི་ལ་ལས་རྒྱལ་ཁ་ཞེས་པ་ནི་མི་གཞན་དང་སྤོ་ལོ་བརྒྱབ་སྟེ་རང་ལ་ཐོབ་པར་བརྩི་བ་དང་། ཡང་མི་ལ་ལས་རྒྱལ་ཁ་ནི་མི་གཞན་དང་དམག་འཛིང་བྱས་ཏེ་དགྲ་འདུལ་གཉེན་སྐྱོང་ཐུབ་པ་དེ་རྒྱལ་ཁ་ཐོབ་པར་བརྩི་གི་ཡོད་ཀྱང་། ང་རང་སློབ་མ་ཞིག་ཡིན་པའི་ངོས་ནས་བཤད་ན། རྒྱལ་ཁ་ནི་སློབ་སྦྱོང་ཡག་པོ་བྱས་ནས་སློབ་གྲྭ་ཡག་པོ་ཞིག་ལ་འགྲོ་རྒྱུ་དེ་ཡིན། ཡིག་རྒྱུགས་ལེགས་པོ་བཏང་སྟེ་སློབ་གྲྭ་ཡག་པོ་ཞིག་ལ་འགྲོ་བའི་རྒྱལ་ཁ་དེའི་རྨང་གཞི་ནི་བརྩོན་འགྲུས་ཏེ། སློབ་སྦྱོང་སྐབས་སྒྱིད་ལུག་མེད་པར་ཉིན་ལྟར་ཞོགས་སྔ་ལངས་དགོང་ཕྱི་ཉལ་བྱས་ཏེ་དུས་ཚོད་འཕྲོ་བརླག་མི་གཏོང་བར་འབད་བརྩོན་བྱེད་པ་དེ་ཡིན། །
རྒྱལ་ཁ་ནི་བརྩོན་འགྲུས་ལས་བྱུང་བས་བརྩོན་འགྲུས་གང་འདྲ་བྱེད་དགོས་སམ་ཞེ་ན། ཉིན་གཅིག་གི་ཁ་ལག་ནང་བཞིན་ཆད་ལྷག་མེད་པར་བརྩོན་འགྲུས་བྱེད་དགོས། རྒན་ལགས་ཀྱིས་བསླབས་ཚར་བའི་ཤེས་བྱ་རྣམས་ལ་བསྐྱར་སྦྱོང་དང་། བསླབ་རྒྱུའི་སློབ་ཚན་དག་ལ་སྔོན་སྦྱོང་བྱེད་དགོས། རྒན་ལགས་ཀྱིས་བཀོད་སྒྲིག་གནང་བའི་ལས་འགན་རྣམས་དུས་ཐོག་ཏུ་ལེགས་འགྲུབ་ཐུབ་ཅིང་། གུང་གསེང་སྐབས་སུའང་ཉིན་གང་རྩེད་མོ་མི་རྩེ་བར་ཉིན་ཕྱེད་ཀ་སློབ་སྦྱོང་བྱས་ཚེ་བརྩོན་འགྲུས་ཀྱི་དབང་གིས་རྒྱལ་ཁ་ལེན་ཐུབ་ངེས་ཡིན། བརྩོན་པ་དག་དང་བྲལ་འགྱུར་ན། །དོན་ཆུང་ཡིན་ཡང་སྒྲུབ་པར་དཀའ། །བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། །རང་གི་ལག་ན་གནས་དང་མཚུངས། །ཞེས་པ་ལྟར་བརྩོན་འགྲུས་མེད་ན་དོན་དག་ཆུང་ཆུང་ཞིག་ཡིན་ཡང་ཧ་ཅང་སྒྲུབ་དཀའ་བར་གྱུར་བས་ང་ཚོ་མི་ཚང་མར་བརྩོན་འགྲུས་ལྡན་དགོས། བརྩོན་འགྲུས་ལྡན་པ་དེ་རིན་ཐང་ཧ་ཅང་ཆེ་བ་ཞིག་ཡིན། དོན་དག་གང་ཞིག་ཡོད་ཀྱང་བརྩོན་འགྲུས་ལྡན་ན་སྒྲུབ་ཐུབ་པས་ང་ཚོ་སྐྱེ་བོ་མཁས་བླུན་གང་ཞིག་ཡིན་ཀྱང་ཚང་མར་བརྩོན་འགྲུས་ལྡན་དགོས། །
ང་རང་ད་ལྟ་སློབ་གྲྭ་ཡག་པོ་འདི་འདྲ་ཞིག་ལ་སླེབས་པ་ཡང་ཚང་མ་བརྩོན་འགྲུས་ལ་བརྟེན་པ་ཡིན་པས། ངས་ད་ལྟ་ནས་བརྩོན་པ་ཁྲི་དང་འབད་པ་སྟོང་བྱས་ཏེ་མཐོ་འབྲིང་སློབ་གྲྭ་ཡག་པོ་ཞིག་ལ་འགྲོ་རྒྱུ་ཐུབ་པ་བྱས་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་མི་ཞིག་བྱེད་རྒྱུར་དམ་བཅའ་བཞག་རྒྱུ་ཡིན་ནོ།། །།
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ། ཚེ་རིང་དབྱངས་ཅན།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།