འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མངའ་རིས་ས་ཁུལ་གྱི་ཏང་ཀྲི་པུའུ་837གྱིས“ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ཏང་ཡོན་ཡོངས་སྒྲིག་འཛུགས་བྱས་ཏེ“རྩ་འཛུགས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་ཏང་གཤིས་བརྟན་དུ་གཏོང་བའི”རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་པ་རེད།
རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ནི་གཙོ་བོ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་རྣམ་པར་བརྟེན་ནས་འཚོགས་ཏེ། ཆབ་སྲིད་དང་། བསམ་བློ། ལས་དོན། སྤྱོད་ཚུལ་བཅས་ནས་རང་ཉིད་ལ་དབྱེ་ཞིབ་དང་ཕན་ཚུན་དཔྱད་བརྗོད་བྱེད་པ་ཞིག་རེད། ས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་18359ཡིས་མི་སྒེར་གྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕན་འབྲས་ཆེ་རུ་ཕྱིན་ཚུལ་དང་། ཧེ་བག་དང་མི་འདང་ས། བཅོས་སྒྲིག་བྱ་ཐབས་བཅས་གླེང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ས་ཁུལ་ཡོངས་ཀྱི་ཏང་ཀྲི་པུའུ་837གྱིས་གནད་དོན་3614འཚོལ་ཞིབ་དང་གསེད་བཀྲོལ་བྱས་པ་དང་། ཏང་ཡོན་18269ཡིས་མི་སྒེར་གྱི་གནད་དོན་ཁག་ཁྲི་3.8བཙལ་འཚོལ་བྱས་པའི་ནང་གནད་དོན་ཁག་ཁྲི་4.09བཅོས་སྒྲིག་བྱས་ཟིན་པ་དང་གནད་དོན་ཁག་714བཅོས་སྒྲིག་བྱེད་བཞིན་ཡོད་པ་རེད།
རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་གཏིང་ཟབ་འཚོགས་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་སྔར་བས་ཆེ་རུ་བཏང་སྟེ། གུང་ཁྲན་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཟོལ་མེད་ངང་བརྩི་བཀུར་ཞུ་མཁན་ཞིག་དང་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་མཁན་ཞིག་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།